གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ རེས་གཟའ་སྤེན་པ། 

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཙམ་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བྷི་ཧར་མངའ་སྡེའི་རྒྱལ་ས་པཱ་ཊི་ནར་རྟེན་གཞི་བྱས་པའི་མངའ་སྡེ་གཞུང་གི་བྷི་ཧར་ཁྲིམས་ལུགས་སྦྱོང་བརྡར་བསྟི་གནས་ཁང་ Bihar Judicial Academy དུ་ཆིབས་སྒྱུར་སྐྱོང་སྐབས་པཱ་ཊི་ནའི་ཁྲིམས་ཁང་གོང་མའི་ཁྲིམས་དཔོན་སྐུ་ཞབས་སན་ཇེ་ཀ་རོལ་ Sanjay Karol,Chief justice Patna High Court ལགས་ཀྱིས་གཙོས་པཱ་ཊི་ནའི་ཁྲིམས་ཁང་གོང་མའི་ཁྲིམས་རྩོད་པ་རྣམ་པ་དང་བྷི་ཧར་ཁྲིམས་ལུགས་སྦྱོང་བརྡར་བསྟི་གནས་ཁང་གི་འབྲེལ་ཡོད་ལས་བྱེད་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་གིས་བྷི་ཧར་ཁྲིམས་ལུགས་སྦྱོང་བརྡར་བསྟི་གནས་ཁང་གི་ར་བའི་ནང་བྱང་ཆུབ་ལྗོན་ཤིང་འདེབས་འཛུགས་གནང་གྲུབ་མཚམས་ཚོགས་ཁང་ནང་ཆིབས་སྒྱུར་གྱིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་པ་དང་འབྲེལ་ཞབས་སྟེགས་སྟེང་༧ཞབས་སོར་འཁོད་བསྟུན་པཱ་ཊི་ནའི་ཁྲིམས་ཁང་གོང་མའི་ཁྲིམས་དཔོན་སྐུ་ཞབས་སན་ཇེ་ཀ་རོལ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང་།

དེ་ནས་མགོན་པོ་གང་ཉིད་མཆོག་གིས་བྷི་ཧར་ཁྲིམས་ལུགས་སྦྱོང་བརྡར་བསྟི་གནས་ཁང་དུ་ཁྲིམས་རྩོད་པ་ ༢༠༠ ལྷག་ལ་བཀའ་སློབ་སྩལ་དོན། བཀུར་འོས་མཆེད་གྲོགས་ཕོ་མོ་རྒན་གཞོན་རྣམས་ལ་ཞུ་རྒྱུ། ནམ་རྒྱུན་ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད། རྒྱུ་མཚན་ནི་རྩ་བའི་ཆ་ནས་ང་ཚོ་ཚང་མ་གཅིག་པ་རེད། འཛམ་གླིང་གི་མི་ཐེར་འབུམ་བདུན་ཚང་མ་གཅིག་པ་ཡིན་པའི་འདུ་ཤེས་འཛིན་དགོས། ཕྲུ་གུ་ཆུང་ཆུང་ཚོར་ཆོས་ལུགས་དང་མི་རིགས་ཀྱི་དབྱེ་བ་མེད། ཁོང་ཚོར་བྱམས་བརྩེ་དང་འཛུམ་མདངས་ཡོད་ན་མཉམ་དུ་རྩེད་མོ་རྩེ་ནས་སྡོད་ཀྱི་རེད། རིམ་པས་མི་རིགས་དང་། རིགས་རུས། ཤ་མདོག ཆོས་ལུགས་ཀྱི་དབྱེ་བ་འབྱེད་ཀྱི་ཡོད། དཀའ་ངལ་གཙོ་བོ་ང་ཚོ་རང་གིས་བཟོ་ཡི་ཡོད། ལུས་སེམས་དང་མྱོང་ཚོར་གྱི་ཆ་ནས་ང་ཚོ་གཅིག་པ་རེད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། ང་ཚོར་ཞི་བདེ་དང་འཆམ་མཐུན་ལྡན་པའི་སྤྱི་ཚོགས་དགོས་ཀྱི་ཡོད། མི་སྒེར་གྱི་མི་ཚེ་དང་ཁྱིམ་ཚང་། མཐར་ཐུག་ན་འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་འདས་པའི་ལོ་ངོ་ ༣༠༠༠ ལྷག་གི་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེ་གཞི་རྩ་ཆགས་ཡོད།

ལོ་ངོ་སྟོང་ཕྲག་ལྷག་གི་རྒྱ་གར་གྱི་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེ་འཛམ་གླིང་ལ་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། དཀའ་ངལ་ཚང་མ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་ལས་གོ་མཚོན་གྱི་ལམ་ནས་སེལ་མི་ཐུབ། རྒྱ་གར་ནི་མང་གཙོའི་རྒྱབ་ཁབ་ཅིག་ཡིན་པ་མ་ཟད། ཁྲིམས་ཀྱིས་དབང་སྒྱུར་འོག་གནས་ཡོད། རྒྱ་གར་འཛམ་གླིང་གི་མི་འབོར་མང་ཤོས་ཨང་གཉིས་པ་རེད། འོན་ཀྱང་མི་ཚང་མ་ཞི་བདེའི་ངང་གནས་ཡོད། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་ཆགས་ཡོད། མི་ཚང་མ་གཞུང་གི་དམ་བསྒྲགས་འོག་གནས་ཡོད། ཁྱེད་རང་ཚོ་ཆེད་ལས་པ་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་དང་རྒྱལ་ཁབ་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ཁྲིམས་རྩོད་པ་ཞིག་གི་ངོས་ནས་དངུལ་གཅིག་པུའི་ཆེད་དུ་བསམ་བློ་བཏང་ནས་ཕྱིན་ན་དཀའ་ངལ་འཕྲད་ཀྱི་རེད། ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་ངོས་རང་བཙན་བྱོལ་བ་ཆགས་པ་རེད། ཕྱོགས་གཅིག་ནས་ངོས་རང་བཙན་བྱོལ་བ་རེད། ཕྱོགས་གཅིག་ནས་ངོས་རང་རྒྱ་གར་གཞུང་གི་མགྲོན་པོ་ཡུན་རིང་ཤོས་སྡོད་མཁན་དེ་ཆགས་ཡོད། དེ་རིང་ཁ་སང་ངོས་རང་རྒྱ་གར་གྱི་གནའ་བོའི་ལེགས་བཤད་ཀྱི་མགྲིན་ཚབ་པ་ཡིན་ཞེས་བརྗོད་ཀྱི་ཡོད། ངོས་རང་འཛམ་གླིང་གི་ས་ཕྱོགས་གང་སར་ཕྱིན་ཡང་དུས་རྟག་ཏུ་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་སྐོར་བཤད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་བསྩལ་ཏེ་ཆུ་ཚོད་ ༡༠ ཡོལ་ཙམ་ལ་མཛད་རིམ་ཁག་ལེགས་པར་གྲོལ་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་པཱ་ཊི་ན་ནས་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱངས་ཡོད་པ་བཅས། །

Share with your friends










Submit