༢༠༡༩ ཟླ་ ༡༢ ཚེས་ ༢༥ རེས་གཟའ་ལྷག་པ།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༥ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༠༠ ཙམ་ལ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱ་སེངྒེ་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་རྟེན་གཙོ་ཐུབ་པའི་སྐུ་བརྙན་ལ་གནས་གཟིགས་མཛད་པ་མ་ཟད། སྣང་གསལ་ཞལ་ཕྱེ་དང་སྦྲགས། སྟོན་པའི་སྐུ་བརྙན་གྱི་དྲུང་དུ་ཞབས་སྟེགས་སྟེང་བཞུགས། ཐོག་མར་གནས་བརྟན་སྡེ་པའི་དགེ་སློང་ཁག་གཅིག་གིས་པཱ་ལིའི་སྐད་ཐོག་ཞལ་འདོན་གསུངས། དེ་རྗེས་མགོན་པོ་མཆོག་སྐུ་འཁོར་ལྷན་རྒྱས་ཀྱིས་རྒྱུན་ཆགས་གསུམ་པ་དང་། ཡན་ལག་བདུན་པ། རྟེན་འབྲེལ་བསྟོད་པ། གསོལ་འདེབས་བདེན་པའི་རྔ་སྒྲ། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། རབ་གནས་བསྡུས་པ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་སོགས་གསུང་འདོན་མཛད་འདུག
ཞལ་འདོན་གསུང་གྲུབ་མཚམས་མཆོད་རྟེན་གྱི་ཕྱི་རོལ་དུ་ཕྱི་ནང་གི་གསར་འགོད་པ་ཁག་གཅིག་གི་དྲི་བར་ལན་འདེབས་མཛད་སྐབས། སྤྱི་ནོར་༸གོང་ས་༸སྐྱསབ་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་བཞིའི་ཐོག་ཐུགས་བརྩོན་མཛད་བཞིན་ཡོད་པ་དང་།
ལྷག་པར་དེང་སྐབས་རྒྱ་ནག་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུ་ཡིན་སྐོར་བཀའ་སློབ་སྩལ་དོན། ང་ཚོར་བདེན་པའི་ནུས་པ་ཡོད། རྒྱ་ནག་ལ་མེ་མདའི་སྟོབས་ཤུགས་ཡོད། འོན་ཀྱང་ཕུགས་ལ་མེ་མདའ་ལས་བདེན་པའི་སྟོབས་ཤུགས་རྣམ་པར་རྒྱལ་རྒྱུ་ཡིན་ངེས་རེད། རྒྱ་ནག་ལ་མཚོན་ན་སྲོལ་རྒྱུན་ཆོས་ལུགས་དེ་ནང་ཆོས་རེད། དེང་སྐབས་སུ་མཚོན་ནའང་འཛམ་གླིང་ནང་ནང་པ་མང་ཤོས་རྒྱ་ནག་ནང་དུ་ཡོད། རྒྱ་རིགས་ནང་པ་དེ་དག་ཁྲོད་ཕལ་མོ་ཆེ་བོད་བརྒྱུད་ནང་བསྟན་རྗེས་འབྲང་པ་རེད། ལོ་གསུམ་གོང་པེ་ཀིང་མཐོ་སློབ་ཁང་གིས་ཉམས་ཞིབ་བྱེད་སྐབས་རྒྱ་ནག་སྐམ་སའི་ནང་རྒྱ་རིགས་ནང་པ་ས་ཡ་གསུམ་བརྒྱ་ཙམ་ཡོད་སྐོར་བཤད་འདུག ནང་པ་དེ་དག་ཁྲོད་ཕལ་ཆེ་བ་ཤེས་ཡོན་ཡོད་མཁན་རེད། དེང་སྐབས་ནང་ཆོས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་བཤད་འདུག དེར་བརྟེན་འགྱུར་བ་ཏན་ཏན་འགྲོ་བཞིན་ཡོད། བོད་བརྒྱུད་ནང་བསྟན་རྗེས་འབྲང་པའི་རྒྱ་རིགས་ནང་པ་ཚོས་བོད་བརྒྱུད་ནང་བསྟན་དེ་རྒྱ་གར་དཔལ་ནཱ་ལེནྜ་ནས་དར་བ་ཞིག་དང་། ཚན་རིག་དང་མཐུན་པའི་ཆོས་ཞིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་འདུག ཅེས་སོགས་བཀའ་ལན་སྩལ་བསྟུན་མཆོད་རྟེན་ལ་ཞབས་སྐོར་མཛད་རྗེས་དགའ་ལྡན་འཕེལ་རྒྱས་གླིང་གི་བཞུགས་གནས་ཕོ་བྲང་དུ་ཆིབས་བསྒྱུར་བསྐྱངས་པ་བཅས།།