༢༠༡༩ ཟླ་ ༡༢ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་ཡ་གྱལ་བྱང་རྩེ་གྲྭ་ཚང་ནས་གྲོང་ཁྱེར་ཧུབ་ལིར་ཆིབས་སྒྱུར་བསྐྱངས་རྗེས།
ཁུལ་དེ་ནས་མཁའ་ལམ་བརྒྱུད་ཉིན་གུང་ཆུ་ཚོད་ ༡ ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་འཁོད་སྐབས། རྣམ་རྒྱལ་གྲྭ་ཚང་གིས་སེར་སྦྲེང་དང་། དཔལ་ས་སྐྱ་སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་གཙོས། སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུ་གཟབ་རྒྱས་དང་བཅས་དགའ་ལྡན་འཕེལ་རྒྱས་གླིང་བཞུགས་གནས་ཕོ་བྲང་དུ་༸ཞབས་སོར་བདེ་བར་བཀོད་འདུག
དེ་ཡང་མཛད་འཆར་ལྟར་ན་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ ནས་ ༦ བར་མགོན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་སྩལ་རྒྱུ་ཡིན་འདུག
དེ་ཡང་མཛད་འཆར་ལྟར་ན་སང་ཉིན་ཚེས་ ༢༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་མཆོད་རྟེན་ཆེན་མོ་དང་རྟེན་གཙོ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་བརྗིད་ཆགས་ཀྱི་སྐུ་མདུན་དུ་གནས་གཟིགས་ཐུགས་སྨོན་མཛད་རྒྱུ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༢ རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་རྒྱུ་དང་། ཕྱི་ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་ཡིན་འདུག དེ་རྗེས་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་འདས་ལོར་དབུ་འཛུགས་གནང་བའི་འཇམ་དབྱངས་ཆོས་སྐོར་འཕྲོ་སྐྱོང་མཛད་རྒྱུ་ཡིན་པ་བཅས།