ཟླ་བ་ ༡༢ ཚེས ༧ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལ་ོ ༢༠༡༩ ཟླ་ ༡༢ ཚེས་ ༧ རེས་གཟའ་སྤེན་པ། 

༄༅། །ཕྱི་ལ་ོ ༢༠༡༩ ཟླ་ ༡༢ ཚེས་ ༧ ནས་ཚེས་ ༩ བར་ཉིན་གྲངས་གསུམ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་ཐུན་མོང་གིས་གོ་སྒྲིག་འོག འཕགས་ཡུལ་ཀི་རྟིའི་བྱེས་པ་གྲ་ཚང་བཙུགས་ནས་མི་ལོ་ཧྲིལ་པོ་ཉེར་ལྔ་འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་མཁས་པའི་བགྲོ་གླེང་ཆེན་མོ་ཐེངས་པོ་དང་པོ་གཟབ་རྒྱས་ངང་ཚོགས་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀི་རྟི་བྱེས་པ་གྲ་ཚང་དུ་༸ཞབས་སོར་འཁོད་གནང་མཛད་འདུག མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གཙོས་བཀའ་བློན་རྣམ་པ། བཀའ་ཁྲི་ཟུར་པ་མཁས་དབང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་མཁས་དབང་རྣམ་པ་དང་། རྒྱ་བལ་འབྲུག་གསུམ་དང་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྔེ་དང་བཙུན་དགོན་ཁག་གི་དབུ་འཛིན་དང་སློབ་གྲྭའི་སློབ་སྤྱི། འཛིན་སྐྱོང་བ། དགེ་རྒན་བགྲེས་པ། ཉམས་མྱོང་ཅན་སོགས་བགྲེ་གླེང་པ་དང་བགྲོ་གླེང་ཟུར་ཉན་པ་གྲ་བཙུན་གྱི་སློབ་གཉེར་པའི་འཐུས་མི། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ། བཞུགས་སྒར་ཁུལ་གྱི་དགོན་སྡེ་ཁག་གི་དབུ་འཛིན་དང་དགེ་རྒན། ཚོགས་པ་ཁག་གི་སྐུ་ཚབ་སོགས། ཀིརྟི་བྱེས་པ་གྲྭ་ཚང་དང་འབྲེལ་ཡོད་སེར་སྐྱ་ཕོ་མོ་བརྒྱ་ཕྲག་བརྒལ་བས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཐོགས་ནས་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་། ཕེབས་ལམ་གྱི་གཡོན་ཟུར་དུ། གཞིས་བྱེས་གཉིས་ཀྱི་ཀིརྟིའི་དགོན་ཁང་ནས་རྩོམ་སྒྲིག་གནང་བའི་དཔེ་དེབ་སོགས་འགྲེམས་སྟོན་དང་འབྲེལ་ད་ལྟའི་སློབ་སྦྱོང་གི་གནས་སྟངས་ལམ་ཙམ་སྤྱན་འབུལ་ཞུས་འདུག ཕྱོགས་མཚུངས་ཕེབས་ལམ་མདུན་དུ། རྡོར་གླིང་ཁེའི་ཀིརྟིའི་དགོན་དགེ་ལྡན་བཀྲ་ཤིས་ཆོས་གླིང་དུ་གཞུང་ཆེན་མོའི་སློབ་སྦྱོང་བཀའ་དགོངས་བཞིན་གསར་འཛུགས་ཞུ་འཆར་གྱི་སྔོན་འགྲོའི་གྲ་སྒྲིག ས་གནས་ཡུལ་མི་གྲྭ་རྒྱུན་གསར་ཞུགས་པ་རྣམས་ནས་རྩོད་རྒྱུགས་ཀྱི་ཚུལ་དུ་དམ་བཅའ་དང་རྩོད་གྲྭ་ཚུགས་བཞིན་པར་སྤྱན་ཞིབ་ལམ་ཙམ་མཛད།

དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བགྲོ་གླེང་གི་ཚོགས་མགོན་དུ་བཞུགས་ཁྲི་རིན་པོ་ཆེར་༸ཞབས་སོར་འཁོད་བསྟུན། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མན་ཌལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་རྗེས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རྩོམ་སྒྲིག་གནང་བའི་སྔོན་འགྲོའི་འཛིན་གྲྭ་དང་འཛིན་གྲྭ་དང་པོ་ནས་འཛིན་གྲྭ་དགུ་པའི་བར་བཅས་ཀྱི་སློབ་དེབ་བློ་གསལ་མགུལ་རྒྱུན་ཞེས་བྱ་བ་དེབ་ཕྲེང་ ༦༩ ཞལ་ཕྱེ་མཛད།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཀིརྟི་བྱེས་པ་གྲྭ་ཚང་གི་བཀའ་པད་ལྔའི་སློབ་པ་མཐར་སོན་པའི་སློབ་ཐོན་པ་དང་པོ་རྣམས་ལ་འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་གནང་མཚམས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ནས་ཀིརྟི་བྱེས་པ་གྲྭ་ཚང་ཚུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་བརྙན་དེབ་དང་། ཀིརྟི་བྱེས་པ་གྲྭ་ཚང་ནས་རྩོམ་སྒྲིག་གནང་བའི་རྟགས་ཀྱི་འཇུག་པའི་མཐའ་དཔྱོད་ཆེན་མོའི་དཔེ་དེབ་གཉིས་དང་། དགེ་འདུན་པ་ན་གཞོན་ཚོའི་ཆེད་དུ་རྩོམ་སྒྲིག་གནང་བའི་ ༼ སློབ་དེབ་བློ་གསལ་མགུལ་རྒྱན། ༽ འཕྲུལ་དེབ་ནང་ཡོད་པ་གློག་ཀླད་ཐོག་ནས་དབུ་འབྱེད་གནང་འདུག

དེ་རྗེས་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་རབ་བྱུང་ཕོ་མོ་གཞོན་སྐྱེས་རྣམས་ཀྱི་སྔོན་འགྲོའི་སློབ་སྦྱོང་གི་ལམ་སྲོལ་ལ་དུས་བསྟུན་ལེགས་བཅོས་ཀྱིས་མ་འོངས་པའི་བསྟན་འཛིན་སྐྱེས་བུ་སྐྱེད་སྲིང་མཛད་སྟངས་ཀྱི་མཁས་པའི་བགྲོ་གླེང་གོ་སྒྲིག་བྱེད་དགོས་པའི་དམིགས་ཡུལ་དང་འབྲེལ་ངོ་སྤྲོད་གསུང་བཤད་མདོར་བསྡུས་ཤིག་སྙན་སྒྲོན་ཞུས་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་སྟེ་སྔ་དྲོའི་མཛད་རིམ་ལེགས་པར་གྲུབ་འདུག དེ་ཡང་མཛད་རིམ་ལྟར་ན་ཕྱེད་ཡོལ་ཆུ་ཚོད་ ༡ ཐོག་མཁས་པའི་བགྲོ་གླེང་དངོས་གཞིའི་མཛད་རིམ་དབུ་འཛུགས་གནང་རྒྱུ་ཡིན་འདུག་པ་བཅས། །