ཟླ་བ་ ༡༢ ཚེས ༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༤ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་པར་ཕེབས་པའི་དགེ་བཤེས་རྣམ་པར་གཟིམ་ཆུང་མཇལ་ཁའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  བཀྲ་ཤིས་བདེ་ལེགས། ཁྱེད་ཚོས་གྲྭ་ས་འགྲིམས། གཞུང་ཆེན་བཀའ་པོད་ལྔ་སྦྱངས། དེ་ནས་རྒྱུད་པ་གྲྭ་ཚང་དུ་ཞུགས། གསང་བ་འདུས་པ་གཙོ་བོར་གྱུར་བའི་གསང་སྔགས་ཆོས་དེ་དག་སྦྱངས་ནས་རང་གིས་ཉམས་ལེན་ཇི་ཙམ་ཐུབ་མིན་ལ་མ་ལྟོས་པར་སློབ་སྦྱོང་དེ་མདོ་སྔགས་ཟུང་འབྲེལ་གྱི་གཞུང་དེ་དག་ཆ་ཚང་རྒྱུས་ཡོད་ཆགས་ཡོད། རང་གིས་ཇི་ཙམ་ཤེས་པ་དེ་ཐོས་དོན་སྒྲུབ་ལ་གཞོལ་ནས།  སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་སློབ་སྦྱོང་གང་བྱས་པ་དེ་དག་རྒྱུད་ཐོག་ལ་བཀལ་ནས་ལག་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ཇི་ཙམ་གྱིས་སོ་སོས་ཐོས་དོན་སྒྲུབ་ལ་གཞོལ་ནས་གང་བསླབས་པ་དེ་དག་མྱོང་བ་ལ་སྦྱར་ནས་ཡོད་པ་ཞིག་བྱུང་ན་གཞན་ལ་འཆད་སྐབས་དེའི་ཚོད་ཀྱིས་ཕན་ཐོག་ཀྱང་ཆེ་བ་ཡོད།  ཚིག་སྐམ་པོ་རྐྱང་རྐྱང་སྐོར་བ་བརྒྱབ་ན་དེ་ཙམ་ཕན་རྒྱུ་མེད། སྔ་མོ་ངོས་ཀྱིས་ཝཱ་རཱ་ཎ་སིར་དམ་བཅའ་ཚུགས་སྐབས་ལུང་རྩ་བ་ནས་བགྲང་པར་རིགས་ལམ་རྐྱང་རྐྱང་ཐོག་ནས་རྩོད་པ་བྱ་རྒྱུ་ཡིན་ཞེས་ཞུ་མྱོང་།  སྐབས་དེར་རྒན་པདྨ་རྒྱལ་མཚན་དང་། ཕལ་ཆེར་རྒན་ཉི་མ་ཡང་ཡོད། 

རིང་མིན་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་སྐབས་ལུང་འདྲེན་རྩ་བ་ནས་མེད་པར་བྱས་ནས་རིགས་པ་ཁོ་ནས་བསྒྲུབ་རྒྱུ་ཞིག་བྱ་རྒྱུ་ཡིན་ཞེས་བརྗོད་དགོས་དྲན་བྱུང་། མཛོད་འདུ་གཉིས་དམིགས་བསལ་རེད། དབུ་མ་དང་། ཕར་ཕྱིན། རྣམ་འགྲེལ་གསུམ་པོ་དེ་རིགས་པ་རང་གིས་བསྒྲུབ་རྒྱུ་ཡིན། དེ་མིན་ལུང་དྲངས་ནས། ཞེས་གསུངས་པའི་ཕྱིར། ཞེས་བརྗོད་སྐབས་བཙན་དབང་གི་གཡའ་ཏོག་ཙམ་ཡོད།  ༼ བཞད་མོ་བཞད། ༽ ལན་རྒྱག་མཁན་དེས་ཀྱང་ཞྭ་མོ་དེ་མར་ཕུད་ནས་དེ་ཙམ་འགུལ་རྒྱུ་མེད་པ་ལྟ་བུ་ཆགས་པ་རེད། དེ་འདྲ་མི་དགོས་པ་བྱོས། རིགས་པ་ཁོ་ནས་བསྒྲུབ་རྒྱུ་ཞིག་དགོས། ཐེངས་འདིར་རྒྱ་གར་ལྷོ་ཕྱོགས་སུ་དེ་འདྲ་བརྗོད་དགོས་བསམ་པ་དྲན་བཞིན་ཡོད།  སངས་རྒྱས་པའི་ཆོས་འདི་རིགས་པ་དང་ལྡན་པ་ཞིག་ཡིན་པ་ཧ་ཅང་གསལ་པོ་རེད།

ལྷག་པར་དུའང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དེ་རིགས་པ་དང་ལྡན་པ་ཞིག་རེད།  དེར་བརྟེན་ཚན་རིག་དང་ལྷན་དུ་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་པ་རེད། ཆོས་ལུགས་གཞན་དག་གིས་འགྲོ་ཐུབ་རྒྱུ་རྩ་བ་ནས་མེད། དེར་བརྟེན་འགྲེལ་བ་དོན་གསལ་ནང་དུ་མཆོད་བརྗོད་ཉན་ཐོས་ཞི་འཚོ་འགྲེལ་བཤད་བྱེད་སྐབས་དབང་རྟུལ་དད་པའི་རྗེས་འབྲང་དང་དབང་རྣོན་ཆོས་ཀྱི་རྗེས་འབྲང་གསུངས་ཡོད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་དེ་བྱས་ནས་ཡུམ་ཟེར་བ་དེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་བསྒྲུབས་ནས་བདེན་མེད་ཀྱི་གོ་བ་ཆགས་ཡོང་སྐབས་ཡུམ་ཤེར་ཕྱིན་ལ་གཞི་ནས་དད་པ་སླེབ་རྒྱུ་རེད། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་འགྲོ་སྟངས་དེ་བྱས་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་བརྒྱ་ཕྲག་གཉིས་གསུམ་བར་བསྡད་ཐུབ་རྒྱུ་རེད་བསམ་པ་དྲན་གྱི་འདུག  གང་ཡིན་བརྗོད་ན་ཚན་རིག་དང་མཉམ་དུ་འགྲོ་ཐུབ་པ་རེད། དབང་རྟུལ་དད་པའི་རྗེས་འབྲང་ཐོག་ནས་སྐྱབས་སུ་མཆིས་ཟེར་ནས་ཕྱིན་པ་ཡིན་ན་ང་ཚོ་མི་རབས་གཅིག་ཙམ་ཕྱིན་པའི་རྗེས་ལ་གནས་ཐུབ་རྒྱུ་ཁག་པོ་རེད།

དེར་བརྟེན་གཞུང་ཆེན་སྦྱང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག  འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད། ངོས་ཀྱིས་ཆོས་ལུགས་ཚང་མར་གུས་པ་བྱེད་ཀྱི་ཡོད། མི་ལ་ཕན་བཞིན་ཡོད། ལོ་ངོ་སྟོང་ཕྲག་ལྷག་རིང་ཆོས་ལུགས་འདྲ་མིན་ཡོད་པ་དེ་དག་གིས་མི་ལ་ཕན་ཡོད། འགྲིག་པ་རེད།  སྐབས་རེ་ཆོས་ལུགས་རྒྱུ་མཚན་དུ་བྱས་ནས་གསོད་རེས་ཏོག་ཙམ་གཏོང་བཞིན་ཡོད། ཡང་ལྕི་བཀྱགས་པ་ཡིན་ན་ཆོས་ལུགས་ཚང་མས་མི་ལ་བྱམས་བརྩེ་དགོས་གསུངས་པ་ཡིན་སྟབས་ཕན་ཐོགས་ཆེན་པོ་བྱུང་ཡོད། འོན་ཀྱང་ལྟ་གྲུབ་ཐོག་ནས་ཕྱིན་པ་ཡིན་ན་ཆོས་ལུགས་གཞན་ཕལ་ཆེ་བ་དད་པ་གཙོ་བོར་བྱས་ནས་འགྲོ་བཞིན་ཡོད།  ཉེ་ལམ་ངོས་རང་ཨོ་རངྒ་བྷཌ་དུ་གནས་བརྟན་སྡེ་པའི་དགེ་སློང་མང་པོ་ཕེབས་འདུག འདུལ་བའི་ཉམས་ལེན་ཡག་ཐག་ཆོད་ཡོད་པ་རེད། བསམ་གྱིས་མི་ཁྱབ་པ་རེད། འོན་ཀྱང་རིགས་པའི་ལམ་ནས་སངས་རྒྱས་པའི་ཆོས་གཏན་ལ་དབབ་ཟེར་བ་དེ་ཙམ་མེད། སྔ་མོ་ལོ་མང་པོ་ཞིག་གོང་ལ་ལྡི་ལིར་ཐེ་ལེནྜི་ནང་པའི་མཁས་དབང་མང་པོ་ཞིག་ཐུག་བྱུང་། ཁོང་རྣམ་པ་ཐེ་ལེནྜིར་ནང་པའི་མཐོ་སློབ་ཞིག་ཡོད་པ་དེ་ནས་རེད། དེར་སྔ་མོ་ངོས་རང་ཕྱིན་པ་ཡིན། ཁོང་རྣམས་ལྡི་ལིར་ངོས་དང་ཐུག་ནས་བདེན་བཞི་མི་རྟག་སོགས་བཅུ་དྲུག བྱང་ཕྱོགས་སོ་བདུན་དེ་དག་ཚང་མར་ཐུན་མོང་བ་ཡིན་སྟབས་དེའི་ཐོག་བགྲོ་གླེང་ཞིག་བྱས་པ་ཡིན།  དེའི་རྗེས་སུ་ངོས་ཀྱིས་ཁོང་རྣམ་པར།  ཁྱེད་ཚོས་བདེན་བཞི་མི་རྟག་སོགས་བཅུ་དྲུག་གསུང་སྐབས་ལུང་ཙམ་ལ་བརྟེན་པ་རེད་དམ་རིགས་པས་བསྒྲུབ་ཀྱི་ཡོད། ཅེས་ཞུ་སྐབས་ལུང་ཙམ་ལ་བརྟེན་པར་གསུངས་བྱུང་། 

དེ་མ་ཐག་ངོས་ཀྱིས་དཔལ་ལྡན་ཆོས་གྲགས་དང་ཕྱོགས་གླང་དེ་དག་སེམས་ནང་དྲན་བྱུང་།  ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། སྟོན་པ་བདེ་གཤེགས་སྐྱོབ་ཅེས་དཔལ་ལྡན་ཆོས་གྲགས་ཀྱིས་རྣམ་འགྲེལ་ནང་གསུང་སྐབས་རྣམ་འགྲེལ་ལིའུ་གཉིས་པས་རིགས་པས་ཧ་ཅང་བསྒྲུབ་བཞིན་ཡོད། ང་ཚོ་བོད་ལ་ཡོད་པའི་གཞུང་དེ་དག་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་གཞུང་དེ་དག་ལ་བལྟ་བཞིན་ཡོད།  བོད་ལ་ང་ཚོས་རྒྱན་དྲུག་མཆོག་གཉིས་ཟེར་ཡོང་། ངོས་ཀྱིས་པཎ་གྲུབ་བཅུ་བདུན་བཟོས་པ་དེ་འགྲིག་པ་རེད་དམ་མ་འགྲིག་པ་རེད། ཅེས་ཞལ་ཤོབ་དང་སྦྲགས་བཀའ་རྩད་མཛད།

རྒྱན་དྲུག་མཆོག་གཉིས་ནང་ཞི་བ་འཚོ་དང་ཟླ་གྲགས་མེད། ཞི་བ་ལྷ་ཡང་མེད། འགྲེལ་པ་དོན་གསལ་མཛད་མཁན་སློབ་དཔོན་སེངྒེ་བཟང་པོའང་དེའི་ཁོངས་སུ་མེད།  དེར་བརྟེན་ངོས་ཀྱིས་པཎ་གྲུབ་བཅུ་བདུན་བཟོས་པ་རེད། དེ་བཞིན་བཀའ་འགྱུར་བསྟན་འགྱུར་གྱི་གཞུང་དེ་དག་ལ་བསམ་བློ་གཏོང་སྐབས་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་གཅིག དེང་སྐབས་ཚན་རིག་པས་ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དགོས་མཁོ་ཧ་ཅང་མཐོང་བཞིན་འདུག དེང་དུས་ནུབ་ཕྱོགས་ཚན་རིག་པས་ཆོས་བརྒྱུད་དེའང་དད་པ་གཙོ་བོར་བྱས་ནས་འགྲོ་རྒྱུ་མ་གཏོགས་བསམ་བློ་བཏང་ནས་འགྲོ་རྒྱུའི་སྐོར་གང་ཡང་ཤེས་ཀྱི་མེད། དེར་བརྟེན་སྤྱིར་སངས་རྒྱས་པའི་ཆོས། དེའི་ནང་ཚན་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནང་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ཧ་ཅང་ཞིབ་ཚགས་པོ་རེད་འདུག

ང་ཚོས་ཐོག་མར་བློ་རིག་བལྟ་སྐབས་ནས་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་ལྟ་བུ་སེམས་བྱུང་ལྔ་བཅུ་ང་གཅིག་གི་རྣམ་དབྱེ་ཕྱེ་སྐབས་སེམས་རེ་རེ་སྐྱེ་སྐབས་དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་དེ་འདྲ་མང་པོ་ཞིག་གསུང་བཞིན་ཡོད།  ཧ་ཅང་ཞིབ་ཚགས་པོ་གསུངས་ཡོད། སེམས་ཁམས་རིག་པ་ཧ་ཅང་སྤུས་དག་པོ་རེད་འདུག དེ་དག་སྒྲུབ་སྐབས་སུ་རིགས་པའི་ལམ་ནས་འགྲོ་རྒྱུ་རེད།  བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་པཎ་གྲུབ་བཅུ་བདུན་གྱི་གཞུང་དེ་དག་དངོས་གནས་བློ་གྲོས་ཀྱི་མིག་འབྱེད་མཁན་རེད་འདུག ཧ་ལས་པ་རེད་འདུག

དགེ་བཤེས་ཚོས་དེ་དག་བསླབས་པ་རེད། གོང་དུ་ངོས་ཀྱིས་བརྗོད་པ་ལྟར། བཀའ་འགྱུར་བསྟན་འགྱུར་པོ་ཏི་གསུམ་བརྒྱ་ལྷག་ཙམ་ཡོད་པ་དེ་དག་བརྗོད་བྱ་དབྱེ་བ་ཕྱེ་བ་ཡིན་ན་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་གཅིག ལྟ་གྲུབ་སྐོར་སྡེ་ཚན་གཅིག   ཆོས་ཀྱི་སྡེ་ཚན་གཅིག  ཆོས་ཀྱི་སྡེ་ཚན་དེ་ནང་པ་ལ་མ་གཏོགས་འབྲེལ་བ་མེད། སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་དང་།  རྟེན་འབྱུང་གི་དེ་ཁོ་ན་ཉིད་ཟེར་བའི་ལྟ་གྲུབ་ཀྱི་སྡེ་ཚན་དེར་ཚན་རིག་པ་ཚོས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེང་དུས་ཤེས་ཡོན་ལམ་ལུགས་ནང་ངོས་ཀྱི་དབྱེ་བ་དེ་ལྟར་ཕྱེ་བཞིན་ཡོད།  གཞུང་དེ་ནང་པའི་གཞུང་ཡིན་ཡང་བརྗོད་བྱ་དེ་ང་ཚོས་ཤེས་ཡོན་སྡེ་ཚན་ནང་བཞག་ནས་བསླབ་ཐུབ་རྒྱུ་ཞིག་དགོས། ཤེས་ཡོན་སྡེ་ཚན་ནང་བཞག་ནས་སློབ་ཁྲིད་བྱས་པ་ཡིན་ན་ཆོས་དད་མེད་མཁན་ཚོར་ཡང་སློབ་ཁྲིད་བྱེད་དགོས་རྒྱུ་དང་ཤེས་དགོས་རྒྱུ་རེད། དཔེར་ན་གུང་ཁྲན་ཏང་མི་ཆོས་ལ་ངོ་རྒོལ་བྱེད་མཁན་ཚོར་ཡང་སེམས་ཁམས་རིག་པ་དང་དེ་ཚོའི་གྲས་བཤད་པ་ཡིན་ན་ཁོ་པ་ཚོས་དེར་དགག་པ་རྒྱག་ཐུབ་རྒྱུ་གང་ཡང་མེད།

ཆོས་དད་ཡོད་མཁན་ཞིག་ཡིན་ནའང་ཆོས་ལུགས་འདྲ་མིན་གང་འདྲ་ཞིག་གི་རྗེས་སུ་ཞུགས་ཀྱང་སེམས་ཁམས་རིག་པའི་རྣམ་གཞག་དེ་ཚང་མར་ཕན་ཐོགས་ཡོད་པ་ཞིག་རེད། དེར་བརྟེན་ང་ཚོས་བཀའ་འགྱུར་བསྟན་འགྱུར་སྡེ་ཚན་གསུམ་ཕྱེ་ནས་སེམས་ཁམས་རིག་པ་གཙོ་བོར་གྱུར་བའི་ཚན་རིག་གི་སྡེ་ཚན་དེ་ང་ཚོས་ཕྱོགས་བསྒྲིགས་བྱས་ནས་ཚན་རིག་ཀུན་བཏུས་ཅེས་པའི་དེབ་གཅིག་ཐོན་ཟིན་པ་རེད།  ལྟ་གྲུབ་ཀུན་བཏུས་མགྱོགས་པོ་འཐོན་རྒྱུ་རེད། ང་ཚོས་ཆོས་ཀྱི་སྡེ་ཚན་ཁོ་ནའི་སྒང་ལ་མ་བཞག་པར་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་བར་སེམས་ཁམས་རིག་པ་དང་།  སེམས་ཁམས་རིག་པ་དང་འབྲེལ་ནས་སྤྱོད་འཇུག་སོགས་ནང་གསུང་པའི་རང་གཅེས་འཛིན་དང་དབུ་མའི་གཞུང་ནས་གསུང་པའི་བདེན་འཛིན་གྱིས་ཉོན་མོངས་ཀྱི་རྩ་བ་བྱེད་ཀྱི་ཡོད་པ།

སེམས་མ་སྐྱིད་པ་བཟོ་མཁན་དེ་ཉོན་མོངས་ཀྱིས་བྱེད་ཀྱི་ཡོད་པ་དེ་ཚོའི་གྲས་དམིགས་བསལ་ཆོས་དང་མ་འབྲེལ་བ་བྱས་ནས་སེམས་ཁམས་རིག་པ་གཙོ་བོ་བྱས་ནས་སེམས་ལ་ཞི་བདེ་ཡོང་ཡག སེམས་ཀྱི་ཞི་བདེ་བ་དཀྲུག་མཁན་དེ་ཆགས་སྡང་གིས་བྱེད་ཀྱི་ཡོད་སྟབས། དེའི་གཉེན་པོ་ང་ཚོའི་གཞུང་ནང་ལ་མ་གཏོགས་ཡེ་ཤུ་དང་ཁ་ཆེ་སོགས་ཆོས་ལུགས་མང་པོ་ཞིག་ནང་རྩ་བ་ནས་མེད།  དཀོན་མཆོག་ལ་གསོལ་བ་འདེབས་རྒྱུ་ཁོ་ན་མ་གཏོགས་གང་ཡང་མེད། ང་ཚོ་ནང་པའི་གཞུང་སྤྱི་དང་ལྷག་པར་དཔལ་ནཱ་ལེནྜའི་གཞུང་ནས་གསུང་པའི་སེམས་ཁམས་རིག་པ་སོགས་ཧ་ལས་པ་རེད་འདུག ཆོས་ཀྱི་སྡེ་ཚན་ནང་བཞག་པ་ཡིན་ན་ནང་པ་ཚོར་མ་གཏོགས་འབྲེལ་བ་མེད་པ་ཞིག་ཆགས་ཀྱི་འདུག  ཅེས་བཀའ་སློབ་སྩལ་བསྟུན་མཇལ་བཅར་བའི་ཁྲོད་རྒྱུད་སྟོད་ཆོས་ཐོག་བསྐོར་རྗེས་བོད་དུ་ཕེབས་རྒྱུར་རེ་བ་རྒྱག་མཁན་ཇི་ཙམ་ཡོད་མེད་བཀའ་རྩད་མཛད་པར་རྒྱ་ནག་གཞུང་གིས་ལག་འཁྱེར་སྤྲོད་རྒྱུར་དཀའ་ངལ་ཡོད་སྐོར་སྙན་སེང་ཞུས། དེར་མགོན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

རྒྱ་མིས་ལག་འཁྱེར་སྤྲོད་རྒྱུ་ཡིན་མིན་མི་ཤེས། བོད་ནང་ལ་མཚོན་ནའང་ཆོོས་དད་རྐྱང་རྐྱང་སྐད་ཆ་མིན་པར་ཤེས་ཡོན་སྡེ་ཚན་ནང་ངོ་སྤྲོད་བྱས་ནས་ཆོས་དད་མེད་མཁན་ཤེས་ཡོན་རྐྱང་པའི་འདུ་ཤེས་བཞག་མཁན་ཚོར་སློབ་ཁྲིད་བྱ་རྒྱུ་ཡོད་པ་ཞིག་བཟོ་དགོས་འདུག དེ་ལྟར་བྱས་ཚེ་ཁྱབ་ཆེན་པོ་ཞིག་ཡོང་རྒྱུ་རེད།

འཛམ་གླིང་འདིའི་སྟེང་ཆོས་དད་མེད་མཁན་མི་དུང་ཕྱུར་བཅུ་ཙམ་ཡོད་པ་བརྗོད་ཀྱི་འདུག  རྒྱ་ནག་ལ་མཚོན་ནའང་ཁ་ཞེ་གཉིས་གུང་ཁྲན་ཡིན་པ་དེ་ཚོའི་གྲས་ལ་ཆོས་དད་མེད།  དེང་སྐབས་ཁ་ནས་གུང་ཁྲན་ཏང་ཡོན་ཡིན་ནའང་སེམས་ནང་ཆོས་དད་ཡོད་མཁན་དེ་འདྲ་ཡོང་བཞིན་འདུག  གུང་ཁྲན་ཏང་ཡོན་ཆོས་ལ་དད་པ་མེད་མཁན་ཞིག་ལའང་ང་ཚོའི་སེམས་ཁམས་རིག་པ་དང་བྱམས་བརྩེའི་བསླབ་བྱས་ཕན་ཐོགས་ངེས་ཡིན། གང་ཡིན་བརྗོད་ན་བྱམས་བརྩེ་ལ་མི་ཚང་མས་དགའ་པོ་བྱེད་ཀྱི་རེད།  ཁོང་ཁྲོ་ལ་གུང་ཁྲན་ཏང་ཡོན་ཡིན་ནའང་དགའ་པོ་བྱེད་ཀྱི་མ་རེད།  དེར་བརྟེན་ང་ཚོའི་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་དང་སེམས་ཀྱི་བདེ་སྐྱིད་དེ་འདྲའི་སྒང་ནས་སྐད་ཆ་བཤད་ཡོང་སྐབས་ང་ཚོས་བསླབས་པ་དེ་དག་ཡག་ཤོས་ཆགས་ཡོད།

རྒྱ་གར་བ་ཚོར་ཡང་ངོས་ཀྱིས་དེ་འདྲ་བཤད་ཀྱི་ཡོད། རྒྱ་གྱར་གནའ་རབས་ལོ་ངོ་སྟོང་ཕྲག་གསུམ་གོང་ནས་འཚེ་བ་མེད་པ་དང་བྱམས་བརྩེ་ཟེར་བའི་རིག་གནས་དེ་དག་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་ནས་སློབ་སྦྱོང་སྤྲད་དགོས་པ་བརྗོད་ཀྱི་ཡོད། རིག་གནས་དེ་དག་ནང་པ་མ་བྱུང་གོང་ནས་ཡོད་པ་རེད། རིག་གནས་དེ་དག་དེང་སྐབས་རྒྱ་གར་གྱི་དེང་རབས་སྤྱི་ཚོགས་ནང་བསྐྱར་གསོ་བྱས་ནས་གནའ་དེང་ཟུང་འབྲེལ་བྱས་ནས་བསླབ་ཐུབ་པ་ཞིག་བྱེད་དགོས་ཀྱི་འདུག ཅེས་ངོས་ཀྱིས་རྟག་པར་འབོད་སྐུལ་བྱེད་བཞིན་ཡོད། རྒྱ་གར་བ་མང་པོས་དོ་སྣང་ཤུགས་ཆེན་པོ་བྱེད་ཀྱི་འདུག  དེ་འདྲའི་གནས་ཚུལ་སྒང་ལ་ང་ཚོའི་དགེ་བཤེས་ཚོས་ཞབས་འདེགས་སྒྲུབ་རྒྱུའི་ཆ་རྐྱེན་ང་ཚོར་མང་བ་ཡོད། སློབ་སྦྱོང་བྱས་ཡོད། དེང་དུས་གཙུག་ལག་སློབ་དཔོན་ Professor ཡིན་ཟེར་ནས་མིང་ཆེན་པོ་ཡོད་ཀྱང་སེམས་ཁམས་རིག་པ་སོགས་ལ་ཆེད་དུ་གཉེར་ནས་སློབ་སྦྱོང་ཤུགས་ཆེན་པོ་མེད་སྟབས་ཁག་པོ་རེད།  ང་རང་ཚོའི་དགེ་བཤེས་ཚོས་གཞུང་ཆེན་བཀའ་པོད་ལྔ། དེའི་ནང་ནང་དབུ་ཕར་རྣམ་འགྲེལ་གསུམ་ལ་སྦྱངས་པ་དེས་ཏན་ཏན་ཕན་ཐོགས་བྱེད་ཐུབ་རྒྱུ་རེད། ལྷག་པར་རྒྱ་གར་ནང་དུ་རྒྱ་གར་གྱི་རིག་གནས་བསྐྱར་གསོ་བྱ་རྒྱུའི་ཁྲོད་ང་ཚོས་ཕན་ཐོགས་བྱེད་ཐུབ་པ་ཞིག་ངོས་ཀྱིས་མཐོང་བཞིན་འདུག ཧ་ཅང་གལ་ཆེན་པོ་འདུག

བོད་དུ་འགྲོ་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་དེ་བས་ཀྱང་བོད་ནང་གི་རྒྱ་ཆེ་མི་མང་ཚོ་ཆོས་ལ་དད་པ་ཡོད། དད་པ་བྱེད་སའི་ཆོས་དེ་གང་འདྲ་ཡིན་པ་འགྲེལ་བཤད་ཡག་པོ་བརྒྱབ་ན་ཕན་ཐོགས་ཧ་ཅང་ཡོད།  ནམ་རྒྱུན་ཡོངས་གྲགས་ལམ་རིམ་ནང་དང་པོ་བཤེས་གཉེན་བསྟེན་ཚུལ།  དེ་ནས་དལ་འབྱོར་དོན་ཆེ་རྙེད་དཀའ། འཆི་མ་མི་རྟག་པ་ཞེས་སོགས་བང་བསྒྲིགས་ནས་གསུང་བཞིན་ཡོད། ངོས་ཀྱིས་མངོན་རྟོགས་རྒྱན་ནང་དུ།

སྒྲུབ་དང་བདེན་པ་རྣམས་དང་ནི། །སངས་རྒྱས་ལ་སོགས་དཀོན་མཆོག་གསུམ། ། ཞེས་གསུང་པ་གཞིར་བཞག་ནས་སྔོན་ལ་སྒྲུབ་དང་། ཞེས་སྒྲུབ་པ་རང་གི་ངོ་བོ་བདེན་པ་གཉིས་ལ་འདོམས་པའི་གདམས་ངག སྔོན་ལ་བདེན་གཉིས་བཤད། བདེན་གཉིས་ལ་གོ་བ་ཡག་པོ་ཆགས་སྐབས་གཞི་ནས་འགོག་བདེན་ཟེར་བ་ཞིག་ཡོང་སྲིད་པ་ཞིག་ཡིན་པ་དང་། ཉོན་མོངས་ཀྱི་རིགས་དེ་དག་བདེན་འཛིན་གྱིས་བྱེད་ཀྱི་ཡོད་པ་དང་།  བདེན་འཛིན་ཟེར་བ་དེ་ལོག་ཤེས་ཡིན་པ་དེ་དག་ཡག་པོ་བྱས་ནས་བསྒྲུབ་ཐུབ་ན་དྲི་མ་གློ་བུར་བ་ཟེར་བ་དེ་རེད། ཉོན་མོངས་དེ་དག་ཐམས་ཅད་རྩ་བ་བདེན་འཛིན་ལ་ཐུག་ཡོད་པ་དང་བདེན་འཛིན་དེ་ལོག་རྟོག་རེད། ལོག་ཤེས་ཇི་ཙམ་ཤུགས་ཆེན་པོ་ཡོད་ཀྱང་རྒྱབ་རྟེན་ཚད་མ་མེད། སྒྲུབ་དང་ཞེས་པ་དེས་སྒྲུབ་པ་རང་གི་ངོ་བོ་བདེན་པ་གཉིས་ལ་འདོམས་པའི་གདམས་ངག་དེས་ནང་པའི་ཆོས་ཀྱི་གཞི་བཏིངས། དེ་ནས་དམིགས་པ་བདེན་པ་བཞི་ལ་འདོམས་པའི་གདམས་ངག་ཞེས་བརྗོད་སྐབས་གཞིའི་གནས་ཚུལ་སྣང་གནས་མི་མཐུན་པ་ཞིག་ཡོད་པ་དེའི་ཐོག་ནས་གཞི་ནས་ང་ཚོར་སྣང་ཚུལ་དེ་ངོ་བོ་ཉིད་ཀྱིས་གྲུབ་པ། དོན་གྱི་ངོས་ནས་ཡོད་པ་ཞིག  གཙོ་བོ་དབུ་སེམས་ཀྱི་གཞུང་གཉིས་ཀྱི་ཆོས་ཀྱི་བདག་མེད་གསུང་གི་ཡོད།  དེའི་ནང་ཚན་ནས་དབུ་མ་པ། དངོས་གནས་རྗེ་རིན་པོ་ཆེས། 

གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང༌། །
སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །
རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །
མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། ། ཞེས་དགག་བྱ་བདེན་པ་དབང་ཤེས་ལ་སྣང་ཟེར་བ་དེའི་ཐོག་ནས་བཤད་ཐུབ་པ་རེད། 
ཅེས་སོགས་ཀྱི་བཀའ་སློབ་སྩལ། །

Share with your friends










Submit