ཟླ་བ་ ༡༢ ཚེས ༣ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།

༄༅། །དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྐྱང་རྒྱུའི་མཛད་འཆར་གྱི་ཟླ་ཚེས་ལ་ད་ཆ་འགྱུར་བ་ཕྲན་བུ་ཕྱིན་ཡོད་འདུག དེ་ཡང་ད་ལྟའི་ཆར་མཛད་འཆར་ཐུགས་གཏན་འཁེལ་བ་ལྟར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༢ ཟླ་འགོར་གནས་མཆོག་རྡོ་རྗེ་གདན་དུ་ཆོས་འབྲེལ་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་ཀྱང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་དྲ་གནས་ཐོག་ཡོངས་བསྒྲགས་ལྟར། 

༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༠ ཕྱི་ཟླ་ ༡ ཚེས་ ༢ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་གསུང་ཆོས་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ།

ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་ཕྱི་ལོ་ ༢༠༡༨ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་བསྩལ་བའི་འཇམ་དབྱངས་ཆོས་སྐོར་གྱི་བཀའ་ཆོས་འཕྲོ་སྐྱོང་མཛད་རྒྱུ།

ཕྱི་ཟླ་ ༢ ཕྱི་ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་རིང་རྒྱལ་པོའི་ཁབ་ཏུ་རཱ་ཇི་གྷར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ནས་གདན་ཞུས་གསོལ་འདེབས་ཞུས་དོན་བཞིན་རྒྱལ་སྤྱིའི་ནང་པའི་ཚོགས་འདུར་དབུ་བཞུགས་དང་།

ཕྱི་ཟླ་ ༣ ཚེས་ ༩ སྟེ། བོད་ལུགས་ལོ་གསར་ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་ཀྱི་བཀའ་ཆོས་གནང་རྒྱུ་ཡིན་འདུག་པ་བཅས། །

Share with your friends










Submit