ཟླ་བ་ ༡༢ ཚེས ༡ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།
ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡ རེས་གཟའ་ཉི་མ། 
༄༅། །བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་མཁན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ Sandesh Meshram ལགས་ཀྱིས་དེ་རིང་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡ ཉིན་གྱི་སྔ་དྲོ་ཚོུད་ ༡༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་ཐང་ནས་Janjagaran Cycle Yatra “Free Tibet, Save India” འམ་བོད་ཀྱི་རང་དབང་དང་རྒྱ་གར་གྱི་བདེ་འཇགས་ཞེས་པའི་བརྗོད་ཚིག་འོག་རྐང་འཁོར་སྐོར་སྐྱོད་ལས་འགུལ་ཐེངས་བཞི་པ་དབུ་འཛུགས་གནང་སོང་།
སྐབས་དེར་སྐུ་མགྲོན་གཙོ་བོ་འཕགས་བོད་མཛའ་ཚོགས་ཀྱི་ཚོགས་གཞོན་དང་ཧི་མཱ་ཅལ་དབུས་གཞུང་གི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་སྐུ་ཞབས་ Dr Kuldeep Chand Agnihotri མཆོག་དང་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Ajay Singh ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་རྣམ་པ་གསུམ་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད་འདུག

ལས་འགུལ་བ་ཁོང་ནི་རྒྱ་གར་མ་ཧཱ་རཱཤཀྲ་མངའ་སྡེའི་ཝི་དར་བྷ་ས་ཁུལ་ནས་ཡིན་ཞིང་།  དེ་སྔ་བོད་དོན་ཆེད་སྐོར་སྐྱོད་ལས་འགུལ་ཐེངས་གསུམ་སྤེལ་མྱོང་འདུག ཐེངས་འདིར་ཁོང་གིས་མེག་གྷན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ར་ནས་དབུ་འཛུགས་ཀྱིས་མཐར་ཕྱི་ལོ་ ༢༠༢༠ ཟླ་ ༣ ཚེས་ ༡༠ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་མཇུག་སྡོམ་གནང་རྒྱུ་ཡིན་འདུག  སྐོར་སྐྱོད་སྐབས་རྒྱང་ཐག་ཀི་ལོ་མི་ཊར་ ༧༥༠༠ ཙམ་ནང་རྐང་འཁོར་ཐོག་ཕེབས་རྒྱུ་ཡིན་འདུག ཟླ་བ་གསུམ་དང་ཕྱེད་ཀའི་འགྲུལ་བཞུད་རིང་དེར་རྒྱ་གར་གྱི་གྲོང་གསེབས་དང་གྲོང་ཁྱེར་ཆེ་ཆུང་ཁྱོན་ ༡༢ ཙམ་ནང་ཕེབས་ནས་བོད་དོན་ངོ་སྤྲོད་གནང་རྒྱུ་ཡིན་འདུག

འཕྲོད་བསྟེན་བཀའ་བློན་མཆོག་གིས་མི་གཅིག་གིས་འགན་ཁུར་བཞེས་ནས་ལས་འགུལ་དེ་ལྟར་སྤེལ་བ་དེས་རྒྱ་གར་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་རྒྱ་ཆེ་སྤེལ་རྒྱུར་ཕན་རླབས་ཧ་ཅང་ཡོང་རྒྱུ་ཡིན་སྐོར་གསུངས་འདུག  མཛད་སྒོ་དེ་བཞིན་ཕྱི་དྲིལ་འཕགས་བོད་འབྲེལ་མཐུད་ཁང་ ITCO གི་འགན་འཛིན་འཇིག་མེད་ཚུལ་ཁྲིམས་ལགས་ཀྱིས་ཧིན་སྐད་ཐོག་ངོ་སྤྲོད་གནང་འདུག 

དེ་ཡང་ལས་འགུལ་བ་ཁོང་གིས་ ༢༠༡༤ ལོར་ཆེས་ཐོག་མར་བོད་དོན་གོ་རྟོགས་སྤེལ་རྒྱུའི་རྐང་འཁོར་སྐོར་སྐྱོད་ལས་འགུལ་དབུ་འཛུགས་གནང་རྗེས་ ༢༠༡༦ ལོར་སླར་ཡང་ལས་འགུལ་དེ་ལྟར་སྤེལ་འདུག དེ་ནས་ ༢༠༡༧ གནས་མཆོག་རྡོ་རྗེ་གདན་ནས་འབྲས་ལྗོངས་རྣ་ཐོས་ལ་བར་རྐང་འཁོར་སྐོར་སྐྱོད་ལས་འགུལ་སྤེལ་འདུག  དེའི་དམིགས་ཡུལ་གཙོ་བོ་དེ་སྔ་ཕྱི་ལོ་ ༡༩༦༢ ལོར་རྒྱ་དཀར་ནག་གཉིས་དམག་འཁྲུག་བྱུང་བ་དེ་དག་དྲན་སྐུལ་གཏོང་ཆེད་ཡིན་འདུག 

 

 

Share with your friends










Submit