གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།

༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ ནས་ ༦ བར་ཉིན་གྲངས་ལྔའི་རིང་། ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིག་གཞུང་ཚོགས་ཁང་དུ་རིགས་ལམ་བརྒྱུད་ནས་ཨང་རྩིས་འཁྲིད་ཐབས་ཀྱི་ལག་དེབ་གཏན་འབེབས་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།

དེ་ཡང་ཕྱི་ཚེས་ ༢ སྔ་དྲོའི་ཆུ་ཚོད་ ༩ ཐོག་གཏན་འབེབས་ཚོགས་མི་རྣམས་ལྷན་འཛོམས་ཐོག་ལག་དེབ་རྩོམ་སྒྲིག་པ་ཝཱ་ཎཱ་དགེ་འོས་སློབ་གྲྭའི་ལྟ་གྲུབ་དགེ་རྒན་བློ་བཟང་རྒྱ་མཚོ་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་ཐོག་མར་རང་ཉིད་ཚན་རིག་ལ་དོ་སྣང་བྱུང་སྟངས་དང་། དེ་ནས་ཤེས་རིག་ལས་ཁུངས་ཀྱི་འབོད་སྐུལ་ལྟར་ཚན་རིག་དང་ཨང་རྩིས་ཀྱི་ལག་དེབ་རྩོམ་སྒྲིག་བྱས་པའི་སྔ་ཕྱིའི་བརྒྱུད་རིམ་སོགས་ངོ་སྤྲོད་རྗེས། སློབ་ཚན་གཏན་འབེབས་ཀྱི་དངོས་གཞིའི་ལས་རིམ་འགོ་འཛུགས་ཞུས་ཡོད། 

ཐེངས་འདིའི་ཚོགས་འདུའི་ཐོག་འབྲེལ་ཡོད་ལག་དེབ་རྩོམ་སྒྲིག་པ་དང་། དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས། རྡ་ས་བོད་ཁྱིམ་གྱི་ཨང་རྩིས་རྒྱུས་སྟོན་པ་རྒན་འཕྲིན་ལས་དཔལ་མོ་ལགས། སིམ་ལ་གཏན་སློབ་གྱི་ཨང་རྩིས་དགེ་རྒན་པདྨ་རྒྱལ་མཚན་ལགས། སེ་ལ་ཀུའི་བོད་ཁྱིམ་གྱི་ཨང་རྩིས་དགེ་རྒན་བསྟན་འཛིན་འོད་ཟེར་ལགས། ས་རཱ་མཐོ་སློབ་ཀྱི་དགེ་རྒན་འོས་སྦྱོང་བ་བྱམས་པ་ཆོས་འཛིན་ལགས་དང་། ཚེ་བརྟན་ནོར་བུ་ལགས། ཚེ་དབང་དཔལ་ལྡན་ལགས། ཤེས་ཡོན་ལྷན་ཚོགས་བོད་ཡིག་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས། ཨང་རྩིས་སློབ་དེབ་རྩོམ་སྒྲིག་པ་བློ་བཟང་བསྟན་འཛིན་ལགས་བཅས་མཉམ་ཞུགས་གནང་ཡོད།

རིགས་ལམ་བརྒྱུད་ནས་སློབ་ཚན་གཞན་འཁྲིད་ཐབས་ཀྱི་ལག་དེབ་རྩོམ་སྒྲིག་བྱེད་པའི་ལས་རིམ་འདི་ནི། ཕྱི་ལོ་ ༢༠༠༩ ལོའི་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པའི་སྟེང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱིར་བཏང་རིགས་པའི་འགྲོ་སྟངས་རྐྱང་པ་དེ་ཡིན་གཅིག་མིན་གཅིག་ང་ཚོའི་ནང་པའི་དཔེ་ཆའི་ནང་ལ་ཡོད་པ་དེ་མིན་པ་བྱས། དེ་རིང་ཁ་སང་ཤེས་ཡོན་གྱི་སྡེ་ཚན་གཅིག སྡེ་ཚན་གང་དང་གང་ཡིན་ཡང་རིགས་པའི་འགྲོ་སྟངས་ཤིག་བསླབ་རྒྱུའི་སློབ་དེབ་ཅིག་བཟོས་ན་ཡག་པོ་རེད་ཅེས་ངོས་ཀྱིས་ཁ་སང་བརྗོད་པ་ཡིན། དེ་རིང་འདིར་ཁྱེད་རང་ཚོ་དང་ཐད་ཀར་འབྲེལ་བ་མེད་ཀྱང་ག་ལེ་ག་ལེར་ཆོས་དོན་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཁྱེད་རང་ཚོས་ཚོགས་ཆུང་ལྟ་བུ་ཞིག་བཙུགས་ཏེ་བཟོ་ཐུབ་ན་ཡག་པོ་མེད་དམ་དྲན་བྱུང༌། ཞེས་དང་། སློབ་ཚན་གང་དང་གང་ལ་ཡིན་ནའང་རིགས་ལམ་དེ་སྦྱར་ནས་སློབ་ཁྲིད་བྱ་རྒྱུ་ཞིག་བྱུང་བ་ཡིན་ན། སྤྱིར་བཏང་འཛམ་བུ་གླིང་འདིའི་སྟེང་ལ་ལམ་སྲོལ་གསར་པ་ཞིག་བཟོ་སྲིད་པ་རེད་འདུག ཅེས་སོགས་བཀའ་སློབ་བཀའ་དྲིན་ཆེ་ཕེབས་ལ་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་ཐབས་ཤེས་རིམ་པར་བྱས་ཏེ། ཕྱི་ལོ་ ༢༠༡༤ ལོར་ལྟ་གྲུབ་དགེ་རྒན་བློ་བཟང་རྒྱ་མཚོ་ལགས་ལ་རྩོམ་སྐུལ་གྱིས་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་རྩོམ་སྒྲིག་དང་དཔར་འགྲེམས་ཟིན་པ་དང་། ཐེངས་འདིར་ཁོང་གིས་རྩོམ་སྒྲིག་གནང་བའི་རིགས་ལམ་བརྒྱུད་ནས་ཨང་རྩིས་འཁྲིད་ཐབས་ཀྱི་ལག་དེབ་ཀྱི་རགས་ཟིན་སྟེང་གོ་བསྡུར་སྦྱང་བཤད་ཀྱིས་གཏན་འབེབས་གནང་སྟེ། རིང་མིན་པར་སྐྲུན་གྱིས་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཞུ་འཆར་ཡོད་པ་རེད། 

ཐེངས་འདིའི་ཚོགས་འདུའི་འགྲོ་གྲོན་དང་ལམ་གྲོན་རྣམས་ཝཱ་ཎཱ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཡིག་ཚང་ནས་གནང་འདུག་པ་བཅས། 

Share with your friends










Submit