ཟླ་བ་ ༡༢ ཚེས ༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༤ རེས་གཟའ་ཟླ་བ།

༄༅། །འདི་གར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣༠ ཉིན་ཁེ་ན་ཊ་ཊོ་རོན་ཊོ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་དང་གཞོན་སྐྱེས་བུ་མོ་བསྟན་འཛིན་དབང་མོ་ལགས་ཀྱི་འབད་བརྩོན་གོ་སྒྲིག་འོག་གངས་ལྗོངས་ཆོས་ལྡན་གླིང་དུ་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་། བོད་རིགས་གཞོན་སྐྱེས་དབར་བོད་མིའི་ངོ་བོ་སྲུང་སྐྱོབ་གོང་འཕེལ་གླེང་བ་ཞེས་པའི་བརྗོད་གཞི་ཐོག་གཞོན་སྐྱེས་ཁག་གཅིག་དང་ལྷན་བསམ་ཚུལ་བརྗེ་ལེན་ལྷུག་པོ་ཞིག་བྱུང་སོང་།

དེ་ཡང་ཐོག་མར་བུ་མོ་བསྟན་འཛིན་དབང་མོ་ལགས་ཀྱིས་དེ་སྔོན་སྐུ་ཚབ་དོན་གཅོད་ཁང་ནས་རེ་སྐུལ་བསྐུར་མ་གནང་བ་བཞིན་ཁེ་ན་ཊ་ཁུལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་དམིགས་པའི་གྲངས་ཐོ་འདུ་རུབ་གནང་བའི་ཐད། ད་བར་བྱུང་བའི་གྲངས་ཐོའི་དཔྱད་གཞི་ལས་བོད་རིགས་གཞོན་སྐྱེས་གང་མང་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་བྱེད་སྒོ་ཁག་ལ་རྒྱུས་མངའ་འབྲེལ་མཐུད་ཡོང་བར་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དེ་བཞིན་ཁོང་ནས་འགྲོ་གླེང་དེ་འདྲ་ཞིག་སྐོང་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་སོགས་ཀྱི་ཐད་འགྲེལ་བརྗོད་གནང་སོང་།

སྐུ་ཚབ་དོན་གཅོད་ཀྱིས་གོ་སྒྲིག་གནང་མཁན་ལ་ལེགས་གསོལ་བསྔགས་བརྗོད་གནང་བ་དང་མི་རབས་མཐུད་ཁ་ཡོང་དགོས་པ་གལ་ཆེན་དང་། ལྷག་པར་བོད་པའི་སྐད་དང་ཡི་གེ་མི་ཉམས་རྒྱུན་འཛིན་ཐུབ་དགོས་པའི་ཐོག་གསུང་བཤད་གནང་བའི་སྙིང་པོར། བོད་མིའི་སྐད་ཡིག་དེ་འཆི་ལ་ཉེ་བའི་གནས་སྟངས་ཛ་དྲག་གི་དུས་སུ་སླེབ་ཡོད་པ་དང་། བོད་ནང་རྒྱ་ནག་གི་དམ་དྲག་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་སྐད་དང་ཡི་གེ་རྩ་མེད་གཏོང་ཐབས་འཆར་གཞི་དང་ལྡན་པའི་ཐོག་འགྲུབ་བཞིན་པའི་སྐབས་འདིར་སྐུ་ལུས་མེ་སྲེག་གི་གནས་སྟངས་བྱུང་བཞིན་པ་དང་། ཉེ་ཆར་སླར་ཡང་བོད་ནང་ནས་གཞོན་སྐྱེས་ཡོན་ཏན་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་བ་ལས་བོད་ནང་ཇི་ཙམ་གྱི་དཀའ་ངལ་འཕྲད་བཞིན་པ་ཤེས་ཐུབ་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་ཛ་དྲག་རང་བཞིན་ངོས་ཟིན་དགོས་པ་དང་། རང་དབང་ལུང་པའི་ནང་ཡོད་པར་རང་དབང་བེད་སྤྱད་ནས་སྐད་དང་ཡི་གེ་སྦྱོང་དགོས་པ་གལ་ཆེ་དོན་ཆེན་ཡིན་སྐོར་གསུང་བཤད་གནང་སོང་། དེ་ཡང་ཆུ་ཚོད་གཉིས་དང་ཕྱེད་ཙམ་ལ་གཞོན་སྐྱེས་ཚོའི་དྲི་བ་ལ་ལན་འདེབས་དང་བསམ་ཚུལ་གནང་བར་གསན་གནང་ནས་མ་འོངས་པའི་ལས་དོན་བྱེད་ཕྱོགས་སོགས་ལ་བགྲོ་གླེང་གཟབ་རྒྱས་བྱུང་སོང་།

ཕྱི་ཟླ་ ༡༢ ཚེས་ ༡ སྔ་དྲོ་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གངས་ལྗོངས་ཆོས་ལྡན་གླིང་དུ་བོད་ཡིག་སློབ་གྲྭའི་སློབ་ཕྲུག་ཆུང་བ་རྣམས་ལ་ལྟ་རྟོག་དང་ཕ་མ་དང་སློབ་ཕྲུག་རྒན་པ་རྣམས་ལ་བོད་ཀྱི་སྐད་དང་ཡི་གེ་སྦྱོང་རྒྱུ་གལ་ཆེན་ཡིན་པ། སྐུ་ཚབ་དོན་ཁང་ནས་བྱང་ཨ་རི་ཁུལ་དུ་བོད་ཀྱི་སྐད་ཡིག་སློབ་གྲྭའི་ཤེས་ཡོན་འགྲན་བསྡུར་ཞིག་མ་འོངས་པར་གོ་སྒྲིག་བྱེད་རྒྱུ་ཡིན་པ་གསུང་གནང་བ་མ་ཟད། ས་གནས་སུ་ཁ་བ་འབབ་སྟེ་འགྲོ་ལམ་མི་བདེ་ཡང་ཐུགས་འཁུར་གྱི་ཕེབས་པའི་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཀྱི་སྐད་དང་རིག་གཞུང་། བོད་མིའི་སྒྲིག་འཛུགས་གསུམ་ནི་བོད་མིར་ཡོད་པའི་རིན་ཆེན་གསུམ་ཡིན་པ་འགྲེལ་བརྗོད་དང་མི་མང་རྣམས་ནས་དེ་དེ་བཞིན་གྱིས་སེམས་ནང་དེ་གསུམ་ནམ་ཡང་མི་དོར་བར་བོད་མིའི་ལས་ལ་འབབ་པའི་འོས་འགན་འཁྱེར་དགོས་གལ་གསུང་སོང་ལ། མི་མང་གི་དོགས་འདྲི་ཁག་ལའང་ལན་འདེབས་གསལ་པོ་གནང་སོང་།

ཉིན་གུང་རྗེས་སྐུ་ཚབ་དོན་གཅོད་ཀྱིས་ཁེ་ན་ཊའི་གྲོས་ཚོགས་མཐུས་མི་ཇེམ་སི་མི་ལོ་ནི་ James Maloney མཆོག་དང་ལྷན་མཇལ་འཕྲད་དང་བཀའ་མོལ་ལྷུག་པོ་བྱུང་བའི་རྗེས། དམིགས་གསལ་བོད་ཡིག་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམས་དང་ལྷན་སློབ་མ་ཚོའི་གནས་སྟངས་ལ་གོ་བསྡུར་དང་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་ཐབས་སོགས་ལ་བགྲོ་གླེང་རྒྱས་པོ་བྱུང་བ་དང་བཅས་ཁེ་ན་ཊ་ཁུལ་གྱི་ལས་རིམ་ཁག་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་བཅས། །

Share with your friends










Submit