ཟླ་བ་ ༡༢ ཚེས ༢ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ།

༄༅། །བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་གཅིག་གི་ལས་ཁུངས་སུ་བཅར་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་ཞིབ་ཕྲ་གནང་འདུག

དེ་ཡང་གྲོས་ཚོགས་འཐུས་མི་ཁོང་རྣམས་ཁེ་ན་ཌའི་ཨོན་ཊེ་རིའོ་ Ontario ས་ཁུལ་ནས་ཡིན་འདུག  མཇལ་འཕྲད་གོ་སྒྲིག་གནང་མཁན་གྲོས་ཚོགས་འཐུས་མི་པོལ་ཀ་ལནྡྲ་ Paul Calandra མཆོག་ཡིན་འདུག ཁོང་ནི་གྲོས་ཚོགས་ནང་གྲངས་མང་ཆབ་སྲིད་ཚོགས་པའི་འཐུས་མི་ཡིན་ཞིང་།

སྐབས་དེར་ཕྱོགས་འགལ་ཚོགས་པའི་ཚོགས་མི་ལྕམ་སྐུ་ཏཝ་རེ་ས་ཨམ་སི་ཊོང་ Teresa Armstrong མཆོག་དང་། པར་སི་ཧེཌ་ཕིལྜ་ Percy Hatfield མཆོག་སོགས་ཕེབས་ཡོད་པ་མ་ཟད། དཀར་པོ་ཆེ་བུ་འཁྲིད་ལགས་ཀྱང་ཕེབས་འདུག   ཁོང་ནི་བྱང་ཨ་རིའི་བོད་མི་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བ་ཆེས་ཐོག་མ་ཡིན་པ་མ་ཟད། ཨོན་ཊེ་རིའོ་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའང་ཡིན་འདུག ཁོང་གིས་སྐབས་དེར་བོད་དོན་རྒྱབ་སྐྱོར་གྱི་ལས་གཞི་གསར་པ་ཇི་ལྟར་སྤེལ་བའི་སྐོར་གསུངས།

གཞན་ཡང་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཨ་རིབ་ཝི་རཱ་ནི་  Arif Virani མཆོག་དང་མཇལ་འཕྲད་གནང་སྟེ་འོས་འདུའི་སྐབས་རྒྱལ་ཁ་ཐོབ་པར་དོན་གཅོད་ནས་འཚམས་འདྲི་ཞུས་འདུག མཇལ་འཕྲད་སྐབས་ཁེ་ན་ཌ་དང་བོད་དབར་མཛའ་འབྲེལ་གོང་འཕེལ་ཆེད་བཙུགས་པའི་ CTC  འགན་འཛིན་ཤེས་རབ་མཐར་ཕྱིན་ལགས་དང་། TCCC ཚོགས་གཙོ་ཚེ་རིང་དབང་རྒྱལ་ལགས།  རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་བཅས་ཕེབས་འདུག  སྤྱིར་དོན་གཅོད་ཁོང་རྒྱ་རིགས་དང་འབྲེལ་བ་གོང་མཐོར་གཏོང་ཆེད་ས་གནས་དེར་ཕེབས་པ་ཞིག་དང་། རྒྱ་རིགས་ཐུག་འཕྲད་ཀྱི་ལས་རིམ་གོ་སྒྲིག་གནང་མཁན་དོན་ཁང་ཡིན་འདུག ཉིན་གྲངས་གཉིས་རིང་དེར་དོན་གཅོད་ནས་བོད་མི་ན་གཞོན་ཁག་གཅིག་དང་ཐུག་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས།།

 

Share with your friends










Submit