གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་  ༢ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཉེ་འཁྲིས་སུ་ཡོད་པའི་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་ལྷན་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་།  ལས་བྱེད་འདེམས་ལྷན་གྱི་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། འདེམས་ལྷན་ཚོགས་མི་དྭགས་པོ་སྐལ་བཟང་གཡུ་སྒྲོན་ལགས་དང་། ན་ག་སངས་རྒྱས་བསྟན་དར་ལགས། དབུས་སྣེ་ལེན་འབྲེལ་མཐུད་ཁང་དང་འཛིན་སྐྱོང་སྦྱོང་བརྡར་ཁང་གི་འགན་འཛིན་གཅིག་ལྕོགས་དྲུང་འཕར་གྱང་གསར་ཚེ་རིང་དོན་གྲུབ་ལགས། འབྲེལ་ཡོད་ལས་བྱེད། དེ་བཞིན་ཟབ་སྦྱོང་བ་བཅས་ཚང་འཛོམས་ཀྱིས་ཐོག་མར་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་སྣང་གསལ་ཞལ་ཕྱེ་གནང་གྲུབ་མཚམས་རྟེན་འབྲེལ་མཚོན་བྱེད་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས།

དེ་རྗེས་སྲི་ཞུའི་ལས་བྱེད་གསར་པ་རྣམས་ཀྱིས་རེ་རེ་བཞིན་རང་ཉིད་ངོ་སྤྲོད་གནང་གྲུབ་བསྟུན། འདེམས་ལྷན་དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བདུན་ཕྲག་གཉིས་རིང་གི་ཟབ་སྦྱོང་སྐབས་སློབ་ཁྲིད་གནང་རྒྱུའི་བརྗོད་གཞི་དང་སློབ་ཁྲིད་གནང་མཁན་ཁག་ངོ་སྤྲོད་གནང་གྲུབ་མཚམས་འདེམས་ལྷན་ཚོགས་མི་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གསུང་བཤད་གནང་དོན། རྣམ་པ་ཚོ་མཐོ་སློབ་ཁག་གི་ནང་ལོ་མང་རིང་སློབ་སྦྱོང་ཡག་པོ་གནང་བ་མ་ཟད། སློབ་སྦྱོང་ལེགས་པར་ཐོན་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ཁོངས་འཛུལ་ཞུགས་གནང་སྟབས། བསམ་བློ་གཏོང་སྟངས་མ་ནོར་བ་ཞིག་གི་ཐོག་ནས་ཕེབས་པར་ངོས་འཛིན་ཞུ་གི་ཡོད། ཐེངས་འདིའི་ཟབ་སྦྱོང་ལ་དངུལ་འབོར་ཆེན་པོ་འགྲོ་གྲོན་གཏོང་གི་ཡོད་པར་བརྟེན། དེ་དང་བསྟུན་པའི་ཤེས་ཡོན་ལམ་སྟོན་ངེས་པར་ཐོབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་སྲི་ཞུའི་ལས་བྱེད་རྣམ་པའི་འཇོན་ཐང་དང་གནས་ཚད་གོང་མཐོར་སླད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ཟབ་སྦྱོང་གནང་རྒྱུ་ཡིན་སྟབས་དགའ་ཚོར་སྐྱེ་དགོས་པ་ཞིག་ཆགས་ཀྱི་ཡོད། 

ཐེངས་འདིའི་ཟབ་སྦྱོང་ནང་སློབ་ཚན་གལ་ཆེ་བ་ཞིག་བོད་ཀྱི་སྐད་ཡིག་བཞག་ཡོད། དུས་ཡུན་ཐུང་ངུ་འདིའི་ནང་གཞན་དང་མི་འདྲ་བ་ཤུགས་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་འདུག དཀའ་ལས་རྒྱག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། དཀའ་ལས་རྒྱག་སྟངས་དེ་ཡང་བསམ་བློ་བཏང་ནས་དཀའ་ལས་རྒྱག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་དོ་སྣང་བྱས་པ་གང་ཞིག་ལ་བྱེད་སྟངས་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་། 

དེ་ནས་འདེམས་ལྷན་ཚོགས་མི་དྭགས་པོ་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། རྣམ་པ་ཚོ་མཇལ་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་རྣམ་པ་ཚོར་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་ཙམ་དུ་མ་ཟད། གོ་སྐབས་དམ་འཛིན་གནང་སྟེ་འབད་བརྩོན་གནང་ནས་སློབ་སྦྱོང་གི་ཤེས་ཚད་ཧ་ཅང་ཡག་པོ་ཐོན་ནས་འདིར་ཕེབས་པ་རེད། ལྷག་པར་བོད་མིའི་སྒྲིག་འཛུགས་ལ་ཞབས་འདེགས་ཞུ་དགོས་སྙམ་པའི་འདུན་པ་འཁྱེར་ནས་ཕེབས་པར་བསྔགས་བརྗོད་ཡོད། བོད་པའི་གནས་སྟངས་གཉན་འཕྲང་ཆེ་བའི་སྐབས་འདིར་ང་ཚོ་ཚང་མར་འགན་ཡོད། ལྷག་པར་བོད་མིའི་སྒྲིག་འཛུགས་མུ་མཐུད་གནས་དང་མ་གནས་སྲི་ཞུའི་ལས་བྱེད་རྣམས་ལ་རག་ལུས་ཡོད་སྟབས། ལས་བྱེད་གཞོན་སྐྱེས་དེང་དུས་ཀྱི་ཤེས་ཡོན་ཡོད་མཁན་ཚོ་ཕེབས་པར་དགའ་པོ་བྱུང་བ་མ་ཟད། རྣམ་པ་ཚོ་ཡིན་ནའང་ཧུར་ཐག་གནང་གི་རེད་སྙམ་པའི་ཡིད་ཆེས་ཡོད། ལྷག་པར་གཞུང་ཞབས་ཟེར་མཁན་དེ་རང་ཚུགས་བརྟན་པོ་དང་ཧྲ་ཏག་ཏག་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།

དེ་རྗེས་སྐུ་མགྲོན་གཙོ་བོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་འཚམས་འདྲི་དང་གསུང་བཤད་གནང་དོན། རྣམ་པ་ཚོའི་དགོངས་པར་དུས་རྒྱུན་དུ་འཆར་དགོས་པ་ཞིག་ནི། ང་ཚོ་ནི་བོད་མི་ཡིན་པ་དང་། ང་ཚོར་ལུང་པ་མེད་པ། མི་རིགས་ཀྱི་འཐབ་རྩོད་ངོ་བོའི་ཐོག་ནས་གནས་ཡོད་པའི་མི་རིགས་ཤིག་ཡིན་པ་སེམས་ནང་ཉར་དགོས་རྒྱུ་གལ་ཆེན་པོ་རེད་འདུག གཉན་འཕྲང་ཆེ་བའི་དུས་ཚོད་འདིར་ང་ཚོར་འཛམ་གླིང་ནང་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡོད་པ་རེད། བོད་མི་ས་ཡ་དྲུག་གི་འདོད་དོན་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་ཞི་བདེ་སྐྲུན་མཁན་འཛམ་གླིང་ཞི་བདེའི་དེད་དཔོན་གྱི་གྲིབ་བསིལ་འོག་ཡོད་པའི་མི་རིགས་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དུས་ནམ་ཡང་རྗེད་རྒྱུ་མེད། ཅེས་ཞུ་རྒྱུ་ཡིན། 

རྣམ་པ་ཚོར་རེ་བ་ཧ་ཅང་ཆེན་པོ་བརྒྱབ་ནས་འགྲོ་གྲོན་ཆེན་པོ་བཏང་སྟེ་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་གནང་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ཟབ་སྦྱོང་ཁག་གཉིས་གནང་བ་ད་རེས་ཐོག་མ་ཆགས་ཀྱི་ཡོད། ད་རེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་སྐོར། བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་ཀྱི་སྐོར་བདུན་ཕྲག་གཉིས་རིང་འདིར་ཟབ་སྦྱོང་གནང་རྒྱུ་དང་། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གཞུང་གི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་ཆེད་ལས་པས་ཟབ་སྦྱོང་གནང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།

ཐེངས་འདིའི་ཟབ་སྦྱོང་མཐུན་འགྱུར་རོགས་རམ་གནང་མཁན་ཨ་རི་རོགས་ཚོགས་ USAID  ཡིན་འདུག་པ་བཅས། །

Share with your friends










Submit