ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཉི་མ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་བྲག་གཡབ་ཆུང་ཚང་སྤྲུལ་སྐུ་མཆོག་གིས་འགན་ཁུར་དང་ཁོང་གིས་ཆོས་ཚོགས་ཉི་ཧོང་དུ་རྟེན་གཞི་བྱས་པའི་ One Rupee Foundation ཞེས་པའི་མཐུན་འགྱུར་འོག་གསར་དུ་བཞེངས་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ལ་གུས་འདུད་ཞུས་རྗེས་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཏུ་ཆེད་ཕེབས་ཀྱིས་དགེ་ལས་སློབ་ཡོངས་ལ་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་མོན་གྷོ་སཾ་བྷོ་ཊ་གཏན་སློབ་ཏུ་ཕེབས་འབྱོར་སྐབས་སློབ་གྲྭའི་སློབ་སྤྱིས་གཙོས་དགེ་ལས་སློབ་ཕྲུག་ཡོངས་ནས་དགའ་སེམས་འཁོལ་བའི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཏེ་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སློབ་གྲྭའི་སློབ་སྤྱིས་ཕེབས་བསུ་དང་འབྲེལ་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཚམས་འདྲི་དང་ལྷན་གསུང་བཤད་གནང་དོན། གོང་དུ་སློབ་སྤྱིས་སློབ་གྲྭ་འདི་ཉིད་ཚུར་རྩིས་བླངས་ཟིན་པའི་རྗེས་ཡར་རྒྱས་ཕྱིན་ཡོད་སྐོར་གསུངས་སྟབས། དགའ་ཚོར་བྱུང་།
བཀའ་ཤག་རིམ་པས་ལོ་ངོ་ ༣༠ ལྷག་རིང་བོད་སློབ་འཛིན་ཚོགས་ནས་ཚུར་རྩིས་གནང་རོགས་ཞེས་ཞུས་ཡོད། གང་ཡིན་ཞེ་ན་དགེ་རྒན་དང་ལས་བྱེད་རྣམས་བོད་མི་ཡིན་སྟབས། སོ་སོའི་སློབ་ཕྲུག་ལ་རང་བཞིན་གྱིས་ཤ་ཚ་ཆེ་བ་དང་། དེ་བཞིན་སློབ་ཕྲུག་ཡིན་ནའང་སློབ་སྦྱོང་བྱེད་རྒྱུར་དོ་དབྱིངས་ཆེ་བ་དང་སློབ་སྦྱོང་ཡར་རྒྱས་འགྲོ་གི་རེད། ཅེས་ཡིད་ཆེས་བྱས་པའི་ཐོག་ནས་སློབ་གྲྭ་ཚུར་རྩིས་བླངས་པ་རེད། ཡིད་ཆེས་བྱས་པ་ལྟར་ཡར་རྒྱས་ཧ་ཅང་ཕྱིན་འདུག་པར་བརྟེན་བསྔགས་བརྗོད་ཞུ་རྒྱུ་ཡིན།
ང་ཚོ་བཙན་བྱོལ་བ་ཡིན་བསམས་ནས་བློ་ནམ་ཡང་ཞུམ་མི་རུང་། ཐོག་མ་ཉིད་ནས་ངས་འབྱོན། ངས་ཐུབ། བསམས་པའི་སྙིང་སྟོབས་དགོས། སྙིང་སྟོབས་དེ་འདྲ་ཞིག་ཡིད་ལ་བཅངས་ནས་ཉིན་མཚན་དུས་དྲུག་ལ་དཀའ་ལས་བརྒྱབ་ན་མ་སྒྲུབ་པ་ཕལ་ཆེར་མེད། དེར་བརྟེན་སློབ་ཕྲུག་རྣམས་ནས་ཤེས་ཡོན་ཐོག་ཧུར་བརྩོན་བྱེད་དགོས་པ་དང་། མི་ཚེའི་དམིགས་ཡུལ་གང་ཡིན་རུང་དེའི་ཐོག་ཆོད་སེམས་བརྟན་པོས་འབད་འབུངས་དགོས། ཞེས་སོགས་གསུངས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་ཉིད་ཀྱང་རྒྱ་གར་བྱང་ཤར་ས་ཁུལ་ནས་ཁྱིམ་ཚང་ཉམ་ཆུང་ཞིག་གི་བུ་ཡིན་པ་དང་།
དེ་རྗེས་རིམ་བཞིན་སློབ་སྦྱོང་ཐོག་དཀའ་ལས་བརྒྱབ་ནས་ད་ལྟ་བོད་མིའི་སྲིད་སྐྱོང་ཆགས་ཐུབ་ཡོད་སྐོར་སོགས་ཀྱི་གསུང་བཤད་གཟབ་རྒྱས་གནང་རྗེས་སློབ་ཕྲུག་ཁག་གཅིག་གིས་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །