ཟླ་བ་ ༡༢ ཚེས ༡༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་༢༠༡༩ ཟླ་ ༡༢ ཚེས་ ༡༩ རེས་གཟའ་ཕུར་བུ། 

 

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨིན་ཡུལ་གྱི་སྲིད་བློན་བྷོ་རི་སི་འཇོན་སན་Boris Johnson མཆོག་གི་རྙིང་ཞེན་ཆབ་སྲིད་ཚོགས་པར་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་པར་འཚམས་འདྲིའི་ཡི་གེ་ཕུལ་བའི་ནང་འཁོད་དོན། སྲིད་བློན་མཆོག་ལ་འོས་བསྡུ་ཆེན་མོའི་རྒྱལ་ཁ་ཐོབ་པར། བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དགའ་སྤྲོའི་ངང་འཚམས་འདྲི་ཞུ་རྒྱུ་ཡིན།

ཉེ་ཆར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུའི་སྐབས་ཨིན་ཡུལ་གྱིས་སྣེ་ཁྲིད་དེ་རྒྱལ་ཁབ་ ༢༢ ཀྱིས་རྒྱ་ནག་གཞུང་ལ་རྒྱ་གཞུང་གིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་རང་སྣང་གང་དྲན་གྱིས་གཞི་རྒྱ་ཆེ་བའི་ཡུ་གུར་ཁ་ཆེ་མི་རིགས་རྣམས་བཙོན་འཇུག་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ཨིན་ཡུལ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་གནང་མཁན་གྲས་ཡིན་པའི་ཆ་ནས་ད་བར་རྒྱལ་སྤྱིའི་བདེ་འཇགས་དང་བདེ་སྲུང་གི་ཐད་ལ་འགན་ཁུར་ཆེན་པོ་གནང་ཡོད། མ་འོངས་པ་ཡིན་ནའང་མུ་མཐུད་ལས་དོན་གལ་ཆེའི་རིགས་འགན་ཁུར་གནང་ཐུབ་ཀྱི་རེད།

སྲིད་བློན་མཆོག་གི་དབུ་ཁྲིད་འོག་ཨིན་ཡུལ་གྱིས་འཛམ་གླིང་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་གནང་བའི་རེ་བ་དང་། དེ་སྔ་ཨིན་ཡུལ་གྱི་སྲིད་བློན་ཟུར་པ་གྷོར་ཌོན་བྷི་རོན་ Gordon Brow མཆོག་དང་། ཌེ་ཝི་ཌི་ཀེམ་རོན་ David Cameron མཆོག  སྲིད་བློན་གཞོན་པ་ནིཀ་ཁི་ལེག་གན་ཌི་ Nick Cleggand མཆོག་བཅས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་འཕྲད་ཞུས་ཡོད། སྲིད་བློན་མཆོག་གི་དབུ་ཁྲིད་འོག་ལམ་སྲོལ་འདི་རྒྱུན་སྐྱོང་ཡོང་བའི་བོད་མི་ཚོས་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུངས། །