ཟླ་བ་ ༡༢ ཚེས ༣ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།

༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་ ༢༠༡༩ ཟླ་ ༡༢ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན།  རྒྱ་ནག་གུང་བྲན་གཞུང་གིས་བོད་ས་ཁྱོན་ཡོངས་སུ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་ངན་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་བ་ཁུལ་ནས་རང་ལོ་ ༢༤ ཙམ་སོན་པའི་རང་རིགས་ཡོན་ཏན་ལགས་ཀྱིས་སྐུ་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ངན་པར་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་བའི་བདུན་ཚིགས་དང་པོ་ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་དང་། ཐེ་སྡོད་བོད་རིགས་ཚོགས་པ་ཐུན་མོང་ཐོག་ཕྱི་ཟླ་ ༡༢ ཚེས་ ༢ དགོང་དྲོ་ཐེ་ཝན་དོན་ཁང་གི་མཆོད་ཁང་ནང་ཐེ་སྡོད་བོད་མི་སེར་སྐྱ་ཁག་གཅིག་མཉམ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་དང་། མ་ཎི་ཡིག་དྲུག་གསོག་སྒྲུབ་གནང་ཡོད།

ཐོག་མར་ཐེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་རྣམ་དག་ལགས་ཀྱིས་གསུང་དོན། དགུང་ལོ་ ༢༤ ཡིན་པའི་ཡོན་ཏན་ལགས་ཀྱིས་བོད་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་བ་རེད། དེ་རིང་ང་ཚོས་བདུན་ཚིགས་དང་པོ་སྲུང་བརྩི་ཞུ་གི་ཡོད། གལ་ཆེ་ཤོས་ཁོང་གིས་སྐུ་ལུས་མཆོད་མེ་ཕུལ་བའི་ཀུན་སློང་དེ་ལ་ང་ཚོས་བསམ་བློ་གཏོང་དགོས་ཀྱི་འདུག ང་ཚོ་བོད་མི་ཚང་མར་ལས་འགན་རེ་ཡོད་པ་རེད། ཚང་མས་ཧུར་ཐག་གནང་དགོས་རྒྱུ་དང་། འདིར་ཕེབས་པ་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས་བསྔོ་བ་དང་སྨོན་ལམ་བརྒྱབ་པ་བརྒྱུད་ཁོང་གིས་རང་ལུས་མེར་སྲེག་བཏང་བ་དེ་ཆུད་ཟོས་སུ་མི་འགྲོ་བ་ང་ཚོས་འབད་བརྩོན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས། 

སྨོན་ལམ་སྒྲུབ་རྗེས་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་དོན། དེང་སྐབས་བོད་ནང་རྒྱ་གཞུང་གིས་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པ་དང་། ལྷག་པར་ཆོས་བྱེད་དགེ་འདུན་གྱི་སྡེ་ལ་སྡང་ཟུག་ཆེན་པོས་དམ་བསྒྲགས་བྱེད་བཞིན་པ་དང་།  བོད་ཡིག་སློབ་སྦྱོང་བྱེད་དགོས་རེད་ཟེར་མཁན་ཚོར་ཡང་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་།  བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་སྔོན་མའི་དགོན་པ་ཁག་ད་ཆ་འགྲེམས་སྟོན་ལྷ་ཁང་ལྟ་བུར་འགྱུར་ཟིན་པ་དང་། གང་ལྟར་བོད་ནང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་སྟབས། 

 ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་གནང་དེས་གཞིས་ལུས་བོད་མི་ཚོས་སྙིང་སྟོབས་ཆེན་པོས་བོད་ཀྱི་རྩ་དོན་ཆེད་དཀའ་ལས་ཇི་ཙམ་བརྒྱབ་དང་རྒྱག་བཞིན་ཡོད་པ་མཚོན་ཐུབ། དེ་ཐོག་ང་ཚོ་ཕྱི་ལ་སྡོད་མཁན་ཚོས་གང་ཐུབ་སྨོན་ལམ་འདོན་རྒྱུ་དང་། ཐེ་ཝན་ནང་བོད་པ་ཉུང་ཉུང་ཞིག་ལས་མེད་ཀྱང་།  གང་ཡོད་པ་ཚོས་ཧུར་ཐག་བྱེད་ཀྱི་ཡོད་པས་ཐུགས་རྗེ་ཆེ་ཞེས་གསུང་ནས་སྨོན་ལམ་མཇུག་སྒྲིལ་འདུག།

 

Share with your friends










Submit