ཟླ་བ་ ༡༢ ཚེས ༣ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༣ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ ཉིན་ཨ་རི་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོའི་ནང་རྒྱ་རིགས་དང་ཐུག་འཕྲད་ཀྱིས་བོད་རྒྱའི་འབྲེལ་ལམ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྐབས། ཁུལ་དེར་རྟེན་གཞི་བྱས་པའི་ཁེ་ན་ཌ་རྒྱ་རིགས་མཐུན་ཚོགས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བ་བརྒྱུད། འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་ཡོངས་རྫོགས་བོད་མི་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་༸སྐུ་ཉིད་ལ་ཡོད་པ་དེར་རྒྱབ་སྐྱོར་ཞུ་དོན།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་མཁྱེན་བརྩེའི་ཡོན་ཏན་ལ་འཛམ་གླིང་ཡོངས་ཀྱིས་ངོས་འཛིན་དང་བརྩི་བཀུར་རྒྱ་ཆེ་ཞུ་བཞིན་ཡོད། གང་ཉིད་ཀྱིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་ནག་སྐམ་ས་དང་ཕྱི་སྡོད་རྒྱ་རིགས་ཁྲོད་དོ་སྣང་དང་རྒྱབ་སྐྱོར་ཞུ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཉེ་ལ་རྒྱ་ནག་དམར་ཤོག་ཚོགས་པས་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་ཐད་ཐེ་བྱུས་བྱེད་ཤུགས་ཆེ་རུ་བཏང་ནས་འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་དེ་རྒྱ་ནག་དམར་ཤོག་ཚོགས་པས་ཐག་གཅོད་ཞུ་རྒྱུ་ཡིན་སྐོར་བཤད་པ་དེར་བོད་མི་ཚོས་མཐའ་གཅིག་ཏུ་དགག་པ་བརྒྱབ་པ་མ་ཟད། རྒྱ་རིགས་ཚོའི་ཁྲོད་དུའང་སེམས་འཚབ་དང་དགག་བྱ་གནང་མཁན་མང་པོ་བྱུང་ཡོད།  དེ་རིང་བོད་རྒྱའི་འབྲེལ་ལམ་ཐོག་བགྲོ་གླེང་ལྷན་ཚོགས་ཀྱི་གོ་སྐབས་འདི་བཟུང་ནས་ཁེ་ན་ཌའི་རྒྱ་རིགས་མཐུན་ཚོགས་ཀྱིས་ཕྱི་སྡོད་རྒྱ་རིགས་ཡོངས་ལ་འབོད་སྐུལ་ཞུ་རྒྱུར།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ནི། མཐའ་གཅིག་ཏུ་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་། འབྱུང་འགྱུར་ཏཱ་ལའི་བླ་མ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་བདག་དབང་ཡོངས་རྫོགས་བོད་མི་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་༸སྐུ་ཉིད་ལ་ཡོད་པ་ལས། རྒྱ་ནག་གཞུང་ལ་དེའི་ཐད་ཐེ་བྱུས་བྱ་རྒྱུའི་བདག་དབང་རྩ་བ་ནས་མེད།

རྒྱ་ནག་དམར་ཤོག་ཚོགས་པ་ནི་ཆོས་མེད་སྨྲ་བ་ཡིན་ཞིང་། ལྷག་པར་འཚེ་བར་གཞི་བཅོལ་ནས་དབང་ཆ་སྲ་བརྟན་བྱེད་མཁན་རྒྱ་ནག་དམར་ཤོག་ཚོགས་པས་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་བཟུང་བྱས་རྗེས་བོད་མི་ཚོར་གདུག་རྩུབ་མནར་གཅོད་བཏང་བ་དང་། བོད་ཀྱི་ལོ་རྒྱུས་དང་ཆོས་དད་རང་དབང་། སྐད་ཡིག ཁོར་ཡུག་སོགས་ལ་བག་ཚ་སྤུ་ཙམ་མེད་པའི་ཐོག་ནས་རྩ་མེད་གཏོང་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱེད་དགོས། 

བོད་མི་དང་རྒྱ་མིའི་དབར་ཡུན་རིང་ནས་ལོ་རྒྱུས་ཀྱི་འབྲེལ་བ་ཡོད།  རྒྱ་ནག་དམར་ཤོག་ཚོགས་པས་བོད་མི་རིགས་རྩ་མེད་བཟོ་ཐབས་དང་། བོད་ཀྱི་གནད་དོན་དེ་མི་རིགས་ཀྱི་གནད་དོན་ཞིག་ཏུ་འགྱུར་ཐབས་བྱས་ནས་བོད་རྒྱ་མི་རིགས་དབར་གྱི་འཁོན་འཛིན་ཇེ་ཆེར་གཏོང་བཞིན་པ་དེར་ཕུགས་རྒྱང་རིང་པོའི་བསམ་བློ་ཞིག་ཡོད། བོད་རྒྱའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་མཛད་བཞིན་པའི་ཏཱ་ལའི་བླ་མ་མཆོག་གི་མཛད་རྗེས་ལ་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད།

གང་ཉིད་ཀྱིས། རྒྱ་ནག་གཞུང་དང་ལྷན་བོད་རྒྱ་འབྲེལ་མོལ་བྱ་རྒྱུ་དེ་མུར་ལུས་ཡོད་ཀྱང་།  བོད་མི་དང་རྒྱ་ནག་མི་མང་དབར་གོ་རྟོགས་དང་བསམ་ཚུལ་བརྗེ་ལེན་ཇེ་ཤུགས་ཆེ་རུ་འགྲོ་བཞིན་ཡོད།

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་ང་ཚོས་རྒྱབ་སྐྱོར་ཞུ་བཞིན་ཡོད། འབྱུང་འགྱུར་བོད་ཀྱི་མདུན་ལམ་དེ་བོད་མི་ཁོ་ནས་ཐག་གཅོད་བྱེད་དགོས། ཞེས་འཁོད་འདུག

གོང་གི་བསྒྲགས་གཏམ་དེར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་དང་། ཁེ་ན་ཌའི་རྒྱ་ནག་མང་གཙོ་ཚོགས་པ་དང་།  རྒྱ་ནག་དམངས་གཙོ་མནའ་སྦྲེལ་ཚོགས་པ། ཁེ་ན་ཌ་ཧོང་ཀོངྒ་འབྲེལ་མཐུད་ཚོགས་པ།  ཧོང་ཀོངྒ་གསར་པའི་རིག་གཞུང་ཚོགས་པ་སོགས་ཀྱིས་རྒྱབ་སྐྱོར་གནང་འདུག 

དེ་ཡང་བོད་རྒྱའི་འབྲེལ་ལམ་གྱི་བགྲོ་གླེང་ལྷན་ཚོགས་དེར་རྒྱ་རིགས་མི་གྲངས་ ༦༠ ཕེབས་པ་ཚོར་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་གཞིས་ལུས་བོད་མི་རྣམས་རྒྱ་ནག་དམར་པོའི་དབང་སྒྱུར་འོག དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་དང་། ལྷག་པར་ཉེ་ལམ་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ ཉིན་བོད་མདོ་སྨད་རྔ་བའི་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་བྱས་ནས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་སྐོར།  ཧོང་ཀོངྒ་གཞོན་སྐྱེས་ཚོས་དཔའ་ངར་ཆེན་པོས་རང་དབང་དང་མང་གཙོའི་དོན་དུ་བློས་གཏོང་གནང་བཞིན་པར་བསྔགས་བརྗོད་རྒྱ་ཆེ་གནང་འདུག 

ཕྱོགས་མཚུངས་ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་ལག་བསྟར་རྒྱུན་སྐྱོང་གནང་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི། གྲོས་མོལ་གྱི་ལམ་ནས་བོད་རྒྱའི་གནད་དོན་གསལ་བའི་ཐབས་ལམ་མཆོག་ཡིན་ཡང་། རྒྱ་ནག་གཞུང་ཕྱོགས་ནས་བཟང་ཕྱོགས་ཀྱི་ཡ་ལན་གང་ཡང་མ་བྱས་པར་བརྟེན། ཁེ་ན་ཌའི་རྒྱ་རིགས་ཚོས་རང་གི་གཉེན་ཉེ་རྒྱ་རིགས་གཞན་རྣམས་ལའང་བརྒྱུད་སྐུལ་གནང་ནས་བོད་རྒྱའི་དཀའ་ངལ་སྐོར་དངོས་ཡོད་གནས་སྟངས་འགྲེལ་བརྗོད་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་འདུག 

སྐབས་དེར་ཁེ་ན་ཌ་བོད་ཀྱི་རིག་གཞུང་བསྟི་གནས་ཁང་གི་ཚོགས་གཙོས་ཁུལ་དེར་བོད་མི་གཞིས་སྤོ་ལས་གཞིའི་སྐོར་འགྲེལ་བརྗོད་གནང་བ་མ་ཟད།  ས་གནས་སུ་བོད་ཀྱི་ཆོས་རིག་དང་། སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་ཡིན་སྐོར་གསལ་བཤད་གནང་འདུག 

ལྷན་ཚོགས་སུ་ཕེབས་པའི་རྒྱ་རིགས་དེ་དག ཁེ་ན་ཌའི་རྒྱ་ནག་མང་གཙོ་ཚོགས་པ་དང་།  རྒྱ་ནག་དམངས་གཙོ་མནའ་སྦྲེལ་ཚོགས་པ།  ཁེ་ན་ཌ་ཧོང་ཀོངྒ་འབྲེལ་མཐུད་ཚོགས་པ།  ཧོང་ཀོངྒ་གསར་པའི་རིག་གཞུང་ཚོགས་པ་ཅེས་དང་། ཁེ་ན་ཌ་ས་གནས་བོད་རིགས་ཚོ་ཡིན་འདུག  རྒྱ་རིགས་དེ་དག་ཁྲོད་མཁས་དབང་དང་། ཤེས་ཡོན་ཅན། ལས་འགུལ་བ་སོགས་ཡོད་འདུག

དེ་ཡང་བགྲོ་གླེང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་རྒྱལ་གཅེས་པ་རྣམས་དང་ལྷག་པར་ཉེ་ལམ་རྔ་པ་རྨེའུ་རུ་མ་ཡུལ་ཚོ་དང་ཐག་ཉེའི་གྲོང་བར་ནས་རང་ལོ་ ༢༤ ཙམ་ཡིན་པའི་བོད་མི་ཡོན་ཏན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བ་བཅས་ལ་མྱ་ངན་ངག་བཅད་སྐར་མ་གཅིག་རིང་ཞུས་འདུག དེ་ནས་ཨ་རི་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ལས་རིམ་ངོ་སྤྲོད་གནང་ཡོད་པ་བཅས། །

Share with your friends










Submit