༢༠༡༩ ཟླ་ ༡༢ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚང་སྐལ་རྡོར་ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ནས་ཕྱི་ཟླ་ ༡༢ ཚེས་ ༢ བར་སུད་སི་དང་ལིག་ཏེན་སིཊཡན། ཨོ་སི་ཊི་ཡ། འཇར་མ་ནི། ཕ་རན་སི། ནེ་དར་ལན་ཌི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་བ་བརྒྱུད། ལས་གཞིའི་ནང་མཉམ་ཞུགས་གང་མང་ཡོང་ཐབས་སླད་འབོད་སྐུལ་གནང་འདུག
གཞུང་འབྲེལ་ཕྱོགས་ཕེབས་སྐབས་སུད་སི་ནས་མ་འཛུགས་བྱེད་མཁན་གྲངས་ ༤༨ དང་། ཕ་རན་སི་ནས་མི་གྲངས་ ༧ ཨོ་སི་ཊི་ཡ་དང་ནེ་དར་ལན་ཌི་ནས་མི་གྲངས་རེ་བཅས་ནས་ཁྱོན་སུད་སྒོར་ས་ཡ་ ༡་༢ མ་འཛུགས་བྱས་ཡོད་པ་མ་ཟད། སུད་སི་དང་ལིག་ཏེན་སིཊཡན་ཁུལ་གྱི་བོད་མི་ནས་ཀྱང་སུད་སྒོར་ ༡༠༥༠༠༠༠ ཐམ་པ་མ་འཛུགས་བྱས་འདུག
ཁོང་རྣམ་གཉིས་ཀྱིས་སུད་སུ་ཁུལ་གནས་སྡོད་བོད་མི་རྣམས་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཛུ་རིག་གྲོང་ཁྱེར་དུ་ཕེབས་སྐབས་མཛད་སྒོར་ཚོགས་ཞུགས་གནང་ཡོད། ཕྱོགས་མཚུངས་ཨོ་སི་ཊི་ཡ་དང་། ཕ་རན་སི། ནེ་དར་ལན་ཌས་བཅས་ཀྱི་ས་ཁུལ་ཁག་གཅིག་ལའང་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་དང། བོད་མིའི་ཁྱད་ལས་དང་བླངས་ཞབས་ཞུ་ཚན་པའི་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་ཡོད།
ཡུ་རོབ་ཁུལ་གནས་སྡོད་བོད་མིའི་སླད་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ནས་མ་འཛུགས་གོ་སྐབས་དེ་ཁག་གཉིས་སུ་དབྱེ་ཡོད་པའི་ཁོངས་ནས་དང་པོ་དེར་ཉུང་ཐར་སུད་སྒོར་རམ་ཡུ་རོ་ ༡༥༠༠༠ ཐམ་པ་སྐྱེད་འབབ་ངེས་མེད་ཀྱི་ཐོབ་བྱ་མ་ཤེར་ Equity Share དང་། གཉིས་པ་ཉུང་ཐར་སུད་སྒོར་རམ་ཡུ་རོ་ ༢༥༠༠༠ དེ་དུས་ཐུང་འདེམས་ཆའི་མ་ཤེར་ Short – Term Preference Share ལོ་ལྔའི་ནང་ལོ་ལྟར་མ་རྩའི་འབབ་སྐལ་རྒྱ་ཆ་ ༢ འབུལ་རྒྱུ་ཡིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་ཡུ་རོབ་ཁུལ་གྱི་བོད་མི་སྤྱི་དང་། ལྷག་པར་སུད་སི་དང་ལིག་ཏེན་སིཊཡན་ཁུལ་གྱི་བོད་མི་རྣམས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་མཐུན་འགྱུར་གནང་བར་ཧ་ཅང་དགའ་པོ་བྱུང་ཞེས་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་ལྟར། ལས་གཞི་འདི་ཉིད་ཚགས་ཚུད་ཡོང་སླད་བོད་མི་རྣམས་མཉམ་ཞུགས་དང་མཐུན་འགྱུར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས།