ཟླ་བ་ ༡༢ ཚེས ༢ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ རེས་གཟའ་ཟླ་བ། 

༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ ཉིན་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ ཐོག་མེ་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ། སྤྱི་ཁྱབ་རྩིས་ཞིབ་པ། བཀའ་ཤག་གི་སྐུ་ཚབ་བཀའ་དྲུང་དང་། འོས་བསྡུའི་འགན་འཛིན་དང་འདེམས་ལྷན་ཚོགས་གཙོ་གཅིག་ལྕོགས་ཀྱི་སྐུ་ཚབ་འདེམས་ལྷན་དྲུང་ཆེ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལས་བྱེད་དང་། ཁྲིམས་ལུགས་སྦྱོང་བརྡར་ཐེངས་དགུ་པར་བཅར་ཞུགས་ཞུ་མཁན་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་། ཁྲིམས་དྲུང་བཅས་ལྷན་འཛོམས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་མཆོག་ལ་གཞུང་འབྲེལ་ཕེབས་སྐྱེལ་གསོལ་སྟོན་འདེགས་འབུལ་ཞུས་ཡོད།

གསོལ་སྟོན་སྐབས། ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་མཆོག་གིས་ད་བར་བོད་མིའི་སྒྲིག་འཛུགས་ནང་ལྷག་བསམ་རྣམ་དག་གིས་མི་ལོ་ ༣༩ ཙམ་ལ་སྲི་ཞུ་ཞབས་འདེགས་ཧུར་བསྐྱེད་གནང་ཡོད་པ་དང་། ལྷག་དོན་ཁྲིམས་ཞིབ་པ་ཆེ་བའི་མཛད་འགན་གཟེངས་ཐོན་བསྒྲུབས་གནང་མཛད་པར་བསྔགས་བརྗོད་དང་། མ་འོངས་པར་སྐུ་འཚོ་བདེ་བཞེས་ངོས། མུ་མཐུད་བོད་སྤྱི་པའི་དོན་དུ་ཕན་ནུས་འདོན་སྤེལ་གནང་སྐྱོང་ཡོང་བའི་འཚམས་སྨོན་རེ་སྐུལ་གྱིས་བརྒྱན་ཏེ་དྲན་རྟེན་མཚོན་བྱེད་དུ་དངུལ་ལས་གྲུབ་པའི་མཆོད་ཀོང་ཞིག་དང་། ལེགས་གསོལ་གྱི་ཤིས་ཚིག་ཤིང་བརྐོས་སུ་བཏབ་པ་ཞིག་བཅས་འབུལ་ལམ་གནང་ཡོད།

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་མཆོག་གིས། ཁོང་ཉིད་བོད་མིའི་སྒྲིག་འཛུགས་ནང་སྲི་ཞུའི་གོ་སྐབས་ཐོབ་མ་ཉིད་ནས་དྲང་པོ་དྲང་གཞག་གིས་ལས་དོན་བསྒྲུབ་རྒྱུའི་དམ་བཅའ་བཞག་ཡོད་པ་ལྟར་ཉམས་ལེན་ལག་བསྟར་ཞུས་ཡོད་པ་དང་། ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་དམ་འབུལ་སྐབས་སུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང༌། བློ་གཏད་ཀྱི་ཐོག་ནས། ཁྲིམས་ཞིབ་པའི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་གི་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་དང༌། ནུས་པ་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན་ཞེས་དམ་འབུལ་ཞུས་པ་ཇི་བཞིན་ལས་དོན་བསྒྲུབས་ཡོད་པ་སོགས་ལས་དོན་ཉམས་མྱོང་སྙིང་བསྡུས་ཤིག་ངོ་སྤྲོད་དང་།

ཁྲིམས་ཞིབ་ཁང་གི་འགོ་ལས་ཐུན་མོང་ལ་བོད་དང་བོད་མིའི་རྩ་དོན་དང་བདེ་དོན་ཐོག་འབད་འབུངས་ཡོང་བ་དང་། ཁྲིམས་ཞིབ་ཁང་གཅིག་པུ་མ་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཡོངས་གནས་སྟངས་ལ་བསམ་ཞིབ་ཀྱིས་མང་གཙོའི་ཀ་བ་གསུམ་དམ་ཚིག་གཟོང་ཁ་གཅིག་ཏུ་བསྒྲིལ་ཏེ་ཕན་ཚུན་རོགས་འདེགས་དང་། ཁུར་འཁྲིའི་ལས་དོན་ཞུ་སྒོ་མཐའ་དག་རུ་ངར་ཞིབ་ཚགས་དང་། སྒྲིག་འཛུགས་གོ་རིམ་འཛོལ་མེད་ཐོག་སྒྲུབ་གལ་ཆེ་བ་སོགས་ཀྱི་གཞེན་བསྐུལ་དང་། ཕེབས་སྐྱེལ་གསོལ་སྟོན་འབུལ་གཤོམ་ལ་ཐུགས་རྗེ་ཆེ་ཞུས་ཡོད།

སྤྱིར་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་བརྒྱུད་དོན་གྲུབ་མཆོག་ནི་རབ་གནས་མེ་བྱ་ཕྱི་ལོ་ ༡༩༥༧ ལོར་ཕ་ཚེ་བརྟན་དོན་གྲུབ་ལགས་དང་། མ་བསོད་ནམས་མཚོ་མོ་ལགས་གཉིས་ཀྱི་རིགས་མྱུག་ཏུ་སྟོད་མངའ་རི་སྲིབ་སྐྱིད་དུ་འཁྲུངས། ༡༩༥༩ ལོར་ཕ་མ་སྤུན་མཆེད་དང་ལྷན་བཙན་བྱོལ་དུ་འབྱོར། ༡༩༦༥ ལོར་སིམ་ལ་གཏན་སློབ་ཏུ་སློབ་ཞུགས་ཀྱིས་རིམ་བཞིན་མོན་གྷོ་ཉིན་སློབ་དང་། མ་སུ་རི་གཏན་སློབ། རྡོར་གླིང་གཏན་སློབ་བཅས་རིམ་འགྲིམ་གྱིས་ཕྱི་ལོ་ ༡༩༧༦ ཟླ་ ༣ ནང་རྡོར་གླིང་སློབ་གྲྭ་ནས་འཛིན་རིམ་བཅུ་གཅིག་སློབ་མཐར་སོན། ༡༩༧༦ ནས་ ༡༩༧༩ བར་ཧུབ་ལི་ཚོང་རིགས་མཐོ་སློབ་ J.G. College of Commerce ནས་རྩིས་རིག་ཐོག་བསླབ་པ་མཐར་སོན།

ཕྱི་ལོ་ ༡༩༧༩ ལོར་བཙན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ལས་བྱེད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཀྱིས་ ༡༩༨༠ ལོར་ཐོག་མར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་གཞོན་དྲུང་གནས་རིམ་ཐོག་ཞབས་ཞུ་གནང་། ཕྱི་ལོ་ ༡༩༨༡ ནས་ ༡༩༨༤ བར་དམིགས་བསལ་དགོངས་འཁྲོལ་ཐོག་ཆེས་མཐོའི་རྩིས་ཀྱི་སློབ་སྦྱོང་ཆེད་ཕེབས། ཕྱི་ལོ་ ༡༩༨༤ ཟླ་ ༡༡ ཚེས་ ༡  ནས་ ༡༩༨༧ ཟླ་ ༣ ཚེས་ ༨ བར་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྒན་དྲུང་དང་། ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༩ ནས་ ༡༩༩༢ ཟླ་ ༧ ཚེས་ ༣༡ བར་དྲུང་ཆེ་གཞོན་པ། ཕྱི་ལོ་ ༡༩༩༢ ཟླ་ ༨ ཚེས་ ༡ ནས་ ༡༩༩༣ ཟླ་ ༣ ཚེས་ ༡༤ བར་ཟུང་འབྲེལ་དྲུང་ཆེ་བཅས་ཀྱི་གནས་རིམ་ཐོག་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༡༩༩༣ ཟླ་ ༣ ཚེས་ ༡༥ ནས་ཕྱི་ལོ་ ༡༩༩༦ ཟླ་ ༤ བར་ཟུང་དྲུང་གི་གནས་རིམ་ཐོག་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཡིག་ཆེན་མོའི་ཐུགས་འགན་བཞེས་ཡོད། ཕྱི་ལོ་ ༡༩༩༦ ཟླ་ ༤ ཚེས་ ༡༢ ནས་དྲུང་ཆེ་ལས་འཕར་གྱི་གནས་རིམ་དུ་དམིགས་བསལ་གནས་སྤར་བྱུང་ཞིང་། དེའི་སྐབས་སུའང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཡིག་ཆེན་མོའི་ཐུགས་འགན་མུ་མཐུད་བཞེས་ཡོད། ཕྱི་ལོ་ ༡༩༩༩ ཟླ་ ༡ ཚེས་ ༡༥ ནས་དྲུང་ཡིག་ཆེན་མོར་གནས་སྤར་དངོས་སུ་བྱུང་། ཕྱི་ལོ་ ༢༠༠༡ ནང་ལོ་གཅིག་རིང་ཕོགས་མེད་གུང་སེང་ཐོག་ཨ་རི་རོ་ཅེ་སི་ཊར་ཚན་རྩལ་སློབ་གཉེར་ཁང་ Rochester Institute of Technology ནང་སློབ་སྦྱོང་དུ་བསྐྱོད། སྐབས་དེར་ཡིག་རྒྱུགས་ཐེངས་གསུམ་གྱི་ནང་རྒྱུགས་འབྲས་བཟང་ཐོན་གྱིས་ Dean’s List ནང་ཚུད་ཐུབ་པ་བྱུང་ཡོད། ཕྱི་ལོ་ ༢༠༠༢ ལོར་སློབ་སྦྱོང་ནས་ཕྱིར་འཁོར་བསྟུན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེའི་ཐུགས་འགན་མུ་མཐུད་བསྐྱངས་མུར། ཕྱི་ལོ་ ༢༠༠༤ ཟླ་ ༨ ཚེས་ ༡༣ ལ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་བཀའ་རྒྱ་དགོངས་དོན་སྤྱི་ཁྱབ་རྩིས་ཞིབ་པར་བསྐོ་གཞག་ཕྱག་རྟགས་ཕེབས་དོན་བཞིན་ ༢༠༠༤ ཟླ་ ༩ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་དུ་ལས་ཁུར་དམ་བཅའ་འབུལ་བཞེས་དང་འབྲེལ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣ བར་རྩིས་ཞིབ་སྤྱི་ཁྱབ་པའི་ལས་ཡུན་ལོ་བཅུ་ཆ་ཚང་མཛད་འགན་བཞེས་ཡོད།

ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༣ ཉིན་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་ཞིང་། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༥ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་ནང་འཁྱུར་ཉེ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་རྒན་ཆེན་ངག་དབང་འཕེལ་རྒྱལ་མཆོག་གི་མདུན་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ བར་ལོ་ངོ་ལྔ་ཧྲིལ་པོ་རིང་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་བསྐྱེད་བཞེས་གནང་ཡོད་པ་བཅས། །

Share with your friends










Submit