གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ། 

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སྦན་ཌ་རུ་དཏྟ་ཏྲེ་ཡ་ Shri Bandaru Dattatreya མཆོག་གིས་གཙོས་སྐུ་འཁོར་རྣམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་རྗེས་བཀའ་ཤག་མཇལ་འཕྲད་ཁང་དུ་ཕེབས་སྐབས། སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག    འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། སིམ་སྤྱི་བསྟན་འཛིན་ནོར་བུ་ལགས། རྡ་ས་ས་གནས་འགོ་འཛིན་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་།

སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་བཀའ་བློན་རྣམ་པས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱིས་གཙོས་ལྷན་ཁང་ཁག་དང་། རྒྱ་བལ་འབྲུག་གསུམ་ནང་གི་བོད་ཀྱི་དགོན་སྡེ་ཁག ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་མ་བྱས་གོང་བོད་ནང་དགོན་སྡེ་གྲངས་ ༦༢༥༠ ལྷག་ཡོད་པ་དང་། དེ་བཞིན་རྒྱ་གར་ནང་བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་དང་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་སློབ་གཉེར་གནང་བཞིན་ཡོད་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་བ་མ་ཟད། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་པོ་བྱུང་རྗེས་རྒྱ་གར་ནང་བོད་མི་བཙན་བྱོལ་དུ་ཕེབས་མཁན་ཉུང་དུ་ཕྱིན་ཡོད། ཅེས་དང་།

ཕྱོགས་མཚུངས་རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་སྡེ་གཞུང་གི་ངོས་ནས་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ Tibetan Rehabilitation Policy Act 2014 གཏན་འབེབས་ཀྱིས་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མངའ་སྡིའི་སྲིད་སྐྱོང་མཆོག་ལ་སྟོན་པའི་སྐུ་ཐང་ཞིག་དང་དྲན་རྟེན་ཕྱག་རྟགས་བཅས་ཕུལ་ཡོད།  ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བཀའ་བློན་རྣམ་པར་ད་ལྟའི་རྒྱ་གར་གཞུང་གི་སྐོར་དགོངས་ཚུལ་ཅི་ཡོད་དང་། དེ་བཞིན་བཙན་བྱོལ་བོད་མི་ཚོར་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་གནང་སོང་།

སྐབས་དེར་སྲིད་ཚབ་ཆོས་རིག་བཀའ་བློན་མཆོག་གིས་ད་ལྟའི་རྒྱ་གར་གཞུང་འདི་བཞིན་ཧྲ་ཏག་ཏག་འདུག་ཅེས་དང་། བོད་མི་ཚོས་རང་གི་ངོ་བོ་མ་བརླག་པའི་ཆེད་དུ་བོད་མི་ཉུང་ཤས་ཤིག་གིས་མ་གཏོགས་འོས་ཤོག་འཕེན་གྱི་མེད་སྐོར་སོགས་གསུངས། མཇལ་འཕྲད་གྲོལ་རྗེས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་འདི་ག་གསར་འགོད་པས་བཙན་བྱོལ་བོད་མི་ཚོར་བརྡ་ལམ་ཅི་ཡོད་བཀའ་འདྲི་ཞུས་སྐབས། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས། བཙན་བྱོལ་བོད་མི་ཚོ་རྒྱ་གར་ནང་གི་མངའ་སྡེ་གང་སར་གནས་སྡོད་བྱེད་ཀྱི་ཡོད། དེ་བཞིན་ཧི་མཱ་ཅལ་མངའ་སྡེའི་ནང་བོད་མི་མང་པོ་གནས་སྡོད་བྱེད་ཀྱི་ཡོད། ང་ཚོའི་ངོས་ནས་བཙན་བྱོལ་བོད་མི་ཚོའི་དགོས་མཁོ་ལ་གཞིགས་པའི་གང་ཐུབ་ཅི་ཐུབ་རོགས་རམ་བྱ་རྒྱུ་ཡིན། ཞེས་གསུངས། །

Share with your friends










Submit