གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༦ རེས་གཟའ་མིག་དམར།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མ་ཧཱ་རཱཤཀྲ་མངའ་སྡེའི་གྲོང་ཁྱེར་ཨོ་རངྒཱ་བྷཌ་ Aurangabad ནང་དུ་རྒྱ་གར་ནང་པ་ཁྲི་ལྔ་ལྷག་ལ་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་སྩལ་འདུག དེ་ཡང་ཁུལ་དེར་ལུས་སྦྱོང་མཐོ་སློབ་ PES College of Physical Education ཀྱི་རྩེད་ཐང་ཆེན་མོར་༸ཞབས་སོར་འཁོད་སྐབས་དད་ལྡན་ནང་པ་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་མགོན་པོ་མཆོག་གིས་ཀྱང་ཐུགས་དགྱེས་བརྩེ་ཆེན་པོས་བྱམས་པའི་འཛུམ་མདངས་དང་བཅས་ཕྱག་གཡུག་མཛད།

ཐོག་མར་ཐུབ་པའི་སྐུ་བརྙན་ལ་གུས་འདུད་མཛད་རྗེས་རྒྱ་གར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེམ་བྷེཌ་ཀར་ Dr. Ambedkar དམ་པ་མཆོག་གི་སྐུ་འདྲར་གུས་འདུད་མཛད་འདུག དེ་རྗེས་པཱ་ལིའི་སྐད་ཐོག་སྐྱབས་འགྲོ་གསུང་འདོན་གནང་མཚམས་དད་སྦྱིན་སྐུ་ཞབས་ཧརཤ་ཌཱིབ་ཀམ་ལེ་ལགས་ཀྱིས་ངོ་སྤྲོད་སྙིང་བསྡུས་ལྷ་སྙན་སྒྲོན་འབུལ་ཞུས་འདུག དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། 

ཐོག་མར་ངོས་ཀྱིས་མཆོད་བརྗོད་ཤོ་ལོ་ཀ་ཁ་ཤས་གདོན་རྒྱུ་ཡིན།  ཞེས་བཀའ་སློབ་སྩལ་བ་དང་སྦྲགས་ཤེས་རབ་སྙིང་པོ་ལས་དྲངས་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་ངྷི་སྭཱཧཱ། ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལས་དྲངས་ཏེ། 

གང་གིས་རྟེན་ཅིང་འབྲེལ་བ་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ།
།ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། 

།ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ།
།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ།

དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས་དྲངས་ཏེ།

ཉན་ཐོས་སངས་རྒྱས་འབྲིང་དང་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་།

                                                          །སྙིང་རྗེའི་སེམས་དང་གཉིས་སུ་མེེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། ། ཞེས་བཏོན་གནང་མཛད་གྲུབ་མཚམས་བཀའ་སློབ་སྩལ་དོན། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་གྱི་འགྲེལ་པ་དབུ་མ་རྩ་བ་ཤེས་རབ་མཛད་པ་དང་། གཞུང་དེའི་ནང་དུ་རང་ངོས་ནས་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་ཅིང་།  ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་ཡིན་པ་སོགས་ཆོས་ཀྱི་བདག་མེད་སྐོར་རྒྱས་ཐག་ཆོད་གསུངས་ཡོད། ཕྱོགས་མཚུངས་རྗེ་བཙུན་བྱམས་པ་མགོན་པོས་མངོན་རྟོགས་རྒྱན་སོགས་ཤེར་ཕྱིན་གྱི་འགྲེལ་བ་དེ་དག་བོད་ནང་སློབ་གཉེར་ཤུགས་ཆེ་གནང་སྲོལ་ཡོད། ང་ཚོས་སློབ་དཔོན་ཕྱོགས་གླང་གིས་མཛད་པའི་ཚད་མ་ཀུན་བཏུས་དང་། ཆོས་གྲགས་ཀྱིས་མཛད་པའི་ཚད་མ་རྣམ་འགྲེལ་སོགས་ཚད་མའི་གཞུང་དེ་དག་སྦྱངས་ནས་ཆོས་རྣམས་ཀྱི་ཡིན་ལུགས་མཐར་ཐུག་ལ་རིགས་པའི་ལམ་ནས་བརྡར་ཤ་གཅོད་བཞིན་ཡོད།  བོད་དུ་དར་བའི་འདུལ་བའི་ཉམས་བཞེས་ལ་མཚོན་ན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་ལུགས་རེད།  སློབ་དཔོན་ཡོན་ཏན་འོད་ཀྱིས་མཛད་པའི་འདུལ་བ་མདོ་རྩར་ཁུངས་བཅོལ་བ་རེད། གཞན་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལའང་སློབ་གཉེར་བྱེད་སྲོལ་ཡོད་པ་རེད།

སྟོན་པ་ཤཱཀྱ་ཐུབ་པ་རང་ཉིད་ལ་མཚོན་ནའང་དེའི་ཚེ་དེའི་དུས་རྒྱ་གར་གནའ་རབས་ཀྱི་ལྟ་གྲུབ་དེ་དག་ལ་སློབ་གཉེར་གནང་ཡོད།  ནང་ཆོས་ནས་གསུངས་པའི་འཚེ་མེད་ཞི་བ་དང་སྙིང་རྗེའི་ཉམས་ལེན་དེ་དག་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་ལས་ཤུགས་རྐྱེན་བྱུང་བ་ཞིག་ཕལ་ཆེར་རེད། མཐར་སྟོན་པ་རང་ཉིད་ཀྱིས་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་གཞུང་ལུགས་ཧ་ཅང་གཏིང་ཟབ་འདི་ལྟ་བུ་ཞིག་སྲོལ་གཏོད་པ་རེད། དེ་ཡང་གནས་ཝཱ་རཱ་ཎ་སིར་ཆོས་འཁོར་དང་པོའི་སྐབས་གཙོ་བོ་ཚུལ་ཁྲིམས་དང་ཏིང་ངེ་འཛིན། ཤེས་རབ་བཅས་བསླབ་པ་གསུམ་གསུངས་ཡོད། དེ་ནས་གནས་བྱ་རྒོད་ཕུང་རིར་སྟོན་པས་གདུལ་བྱ་ལས་དག་པ་ཁག་གཅིག་ལ་ཤེར་ཕྱིན་གསུངས་པ་རེད། དོན་དམ་བདེན་པ་བསྟན་བྱ་གཙོ་བོར་བྱས་ནས་གསུངས་པ་རེད། ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་གྲུབ་མེད་ཀྱང་ཡུལ་བདེན་པར་འཛིན་པའི་བདེན་འཛིན་དེ་གཙོ་ཆེར་གང་ཟག་དང་ཆོས་ཀྱི་བདག་འཛིན་གཉིས་ལས་ཆོས་ཀྱི་བདག་འཛིན་གཙོ་བོ་ཡིན་པ་གསུངས་ཡོད། དེ་ལྟ་བུའི་སློབ་གཉེར་གནང་སྲོལ་ནི་དཔལ་ནཱ་ལེནྡྲ་ནས་དར་བ་རེད། དཔལ་ནཱ་ལེནྡྲའི་མཁས་པ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་སྐོར་ཧ་ཅང་རྒྱས་པོ་གསུངས་ཡོད།  དུས་ཚོད་རིམ་སོང་གིས་ནང་ཆོས་དེ་ཨེ་ཤི་ཡའི་ཡུལ་གྲུ་ཚང་མར་དར་ཁྱབ་བྱུང་བ་རེད། 

དུས་རབས་ ༢༠ ནང་ནུབ་ཕྱོགས་པ་ཚོས་གཞི་ནས་ནང་ཆོས་ལ་དོ་སྣང་བྱེད་འགོ་བཙུགས་ཡོད། འདིར་རྒྱ་གར་ནང་ལ་མཚོན་ན་སྐུ་ཞབས་ཨེམ་བྷེཌ་ཀར་ Dr. Ambedkar དམ་པ་མཆོག་གིས་ནང་ཆོས་དར་འཕེལ་ཐོག་སྐུ་ངལ་ཧ་ཅང་བསྐྱོན་གནང་ཡོད། ཁོང་རང་ཉིད་ནང་པར་ཞུགས་པ་མ་ཟད། ཕྱི་ལོ་ ༡༩༥༦ ལོར་ནཱག་པུར་ Nagpur གྲོང་ཁྱེར་དུ་རྒྱ་གར་ཡུལ་མི་འབུམ་ལྔ་ཙམ་ནང་པར་བསྒྱུར་བ་རེད། དེ་རིང་འདིར་ཁྱེད་རང་ཚོ་མང་པོ་ཞིག་དེ་འབྲེལ་འདིར་འཛོམས་པ་ཞིག་རེད། དམ་པ་ཁོང་ལ་བརྟེན་ནས་རྒྱ་གར་ནང་ནང་ཆོས་ཉམས་པ་སླར་གསོ་བྱུང་བ་རེད།  མི་མང་པོ་ཞིག་གིས་ནང་ཆོས་ལ་དོ་སྣང་བྱེད་བཞིན་ཡོད་སྟབས། ད་ཆ་ང་ཚོས་སངས་རྒྱས་ཟེར་ན་གང་ཡིན་པ་དང་།  ཆོས་ཟེར་ན་གང་ཡིན་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་སྐད་ནང་སངས་རྒྱས་བརྗོད་སྐབས་མ་རིག་པའི་གཉིད་ལས་སངས་ཤིང་། ཤེས་བྱ་ལ་བློ་གྲོས་རྒྱས་པ་ཞིག་ལ་གོ་བ་རེད།  དཀོན་མཆོག་གསུམ་གྱི་དོན་ཡག་པོ་ཤེས་པའི་ཐོག་ནས་བདེན་ཉིད་དང་བདེན་བཞིའི་རྣམ་གཞག་ཤེས་དགོས།  མི་དགེ་བའི་ལས་རྣམས་སྒོ་ཀུན་ནས་སྤངས་ཏེ་རིམ་བཞིན་འགོག་ལམ་མངོན་དུ་བྱེད་དགོས། ཆོས་དཀོན་མཆོག་ངོ་མ་དེ་འགོག་བདེན་རེད། 

དེ་ཐོབ་པར་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་དགེ་འདུན་ཆགས་དགོས་པ་རེད། དད་པ་ཙམ་གྱིས་མི་ཆོག  རིགས་པའི་ལམ་ནས་དཔྱད་པ་བྱས། སློབ་སྦྱོང་བྱ་རྒྱུ་གཙོ་བོ་རེད། ཅེས་བཀའ་སློབ་སྩལ་བ་མ་ཟད། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་སྡུག་བདེན་གྱི་དབྱེ་བ་གསུམ་དང་། སྡུག་བསྔལ་གྱི་སྡུག་བསྔལ་ནི་ལུས་ངག་གི་ལས་མི་དགེ་བ་དེ་དག་ཚུལ་བཞིན་བསྡམས་ཚེ་སྤོང་ནུས་ཡིན་ཞིང་།  འགྱུར་བའི་སྡུག་བསྔལ་ནི་ང་ཚོས་བདེ་བར་རློམ་བཞིན་པའི་ཚོར་བ་དེ་དག་སྐྱེ་ཅིག་ནང་སྡུག་བསྔལ་རང་བཞིན་དུ་གྱུར་བ་རེད། གསུམ་པ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་འདོད་ཁམས་དང་གཟུགས་ཁམས།  གཟུགས་མེད་བཅས་ཁམས་གསུམ་གར་ཁྱབ་ནས་ཡོད།  ཁམས་གོང་མར་སྡུག་བསྔལ་གྱི་སྡུག་བསྔལ་གནས་སྐབས་སྤོང་ནུས་ཡིན་རུང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཁྱབ་པ་རེད།  སྡུག་བསྔལ་གྱི་རྩ་བ་མ་རིག་པ་རེད། དེར་བརྟེན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་ཐོག་མར་མ་རིག་པ་གསུངས་ཡོད།  མི་ཤེས་པ་ཙམ་ལ་མ་རིག་པའི་གོ་དོན་མ་རེད། ཆོས་རྣམས་ཀྱི་དོན་དམ་མཐར་ཐུག་གི་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་འཛིན་ནས་ཆོས་རྣམས་བདེན་པར་འཛིན་པར་བརྟེན་མ་རིག་པ་ཟེར། རྟེན་འབྲེལ་གྱི་དོན་ཅིས་ཕྱིན་པར་རྟོགས་ཚེ་མ་རིག་པའི་བློ་དེ་སེལ་ཐུབ་སྐོར་བཀའ་སློབ་སྩལ་བ་མ་ཟད།

བྱེ་བྲག་སྨྲ་བ་དང་མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་ནང་པའི་གྲུབ་མཐའ་སྨྲ་བ་བཞིའི་བདག་མེད་ཕྲ་རགས་བཞེས་ཚུལ་སྐོར་བཀའ་སློབ་སྩལ་དོན། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱིས་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དེ་གང་ཟག་བདག་མེད་དུ་བཞེས། སེམས་ཙམ་པས་གང་ཟག་བདག་མེད་ཙམ་མ་ཟད། ཆོས་ཀྱི་བདག་མེད་ཀྱང་བཞེས་པ་རེད། གཟུང་འཛིན་གཉིས་སྟོང་འདོད་པ་རེད། ཅེས་བཀའ་སློབ་སྩལ།

སྤྱིར་བཀའ་སློབ་མ་སྩལ་གོང་ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་སྡེ་སྣོད་གསུམ་གསལ་བར་སྟོན་པའི་དྲ་རྒྱ་གསར་པ་ཞིག་དབུ་འབྱེད་མཛད་སྐབས་དབུ་མ་རྩ་བ་ཤེས་རབ་དང་། མངོན་རྟོགས་རྒྱན་གྱི་ཚིགས་བཅད་རེ་ཟུང་དྲ་རྒྱའི་དེའི་ཐོག་གཞག་ཐུབ་ཚེ་དགེ་མཚན་ཡོད་པ་དང་། གཞུང་དེ་དག་གིས་ནཱ་ལེནྡྲའི་བཞེས་གཞུང་གི་སྙིང་བཅུད་ཡིན་སྐོར་དང་།  དེ་སྔ་དུས་རབས་བརྒྱད་པའི་ནང་མཁན་ཆེན་ཞི་བ་འཚོས་ནང་ཆོས་དར་འཕེལ་མཛད་ནས་ལོ་ངོ་སྟོང་ཕྲག་གཅིག་ལྷག་རིང་བོད་མི་ཚོས་གཅེས་ཉར་བྱས་སྐོར་བཀའ་སློབ་སྩལ་འདུག

                                                                                                                                                           སྐུ་པར་མཐུན་འགྱུར་གནང་མཁན། དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

Share with your friends










Submit