ཟླ་བ་ ༡༡ ཚེས ༢༡ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ རེས་གཟའ་ཕུར་བུ།

པར་པ་བསྟན་འཛིན་ཕན་བདེ་ལགས།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་རྒྱ་གར་གྱི་སྲིད་འཛིན་དམ་པ་སར་ཝེ་པལླི་རཱ་ད་ཀྲིཤཎ་ Dr.Sarvepalli Radhakrishnan མཆོག་གི་རྗེས་དྲན་གཏམ་བཤད་མཛད་སྒོ་ཐེངས་ ༢༤ ཐོག་བཀའ་སློབ་སྩལ་འདུག 

དེ་ཡང་ཐོག་མར་ལས་རིམ་གཙོ་སྐྱོང་བས་ངོ་སྤྲོད་དང་སྦྲགས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་།  དེ་སྔའི་ཇམ་མུ་ཀ་ཤི་མིར་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་ཨེན་ཨེན་ཝོ་ར་ Narinder Nath Vohra མཆོག  བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་ཀ་པིལ་ཀ་པུར་ Prof.Kapil Kapoor ལགས་སོགས་ཀྱིས་སྣང་གསལ་མར་མེ་ཞལ་ཕྱེ་མཛད་འདུག

པར་པ་བསྟན་འཛིན་ཕན་བདེ་ལགས།

སྐབས་དེར་རྒྱ་གར་གྱི་སྒྱུ་རྩལ་བ་དང་ཤེས་ཡོན་མི་སྣ་གྲགས་གྲས། ཡུན་རིང་བོད་མི་དང་བོད་དོན། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་ཐོག་མཐུན་འགྱུར་རོགས་རམ་ཤུགས་ཆེ་གནང་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ཝཏྶྱ་ཡན་ Dr. Kapila Vatsyayan མཆོག་ཀྱང་ཕེབས་འདུག  དེ་ཡང་སྡིངས་ཆའི་སྟེང་སྔོན་འགྲོའི་མཛད་རིམ་ཁག་ལེགས་པར་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།  མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་རྒྱུ་ནི་མི་ཚེའི་དགོས་དོན་གཙོ་བོ་ཡིན།   ང་ཚོ་ནང་པ་སངས་རྒྱས་པའི་གཞུང་ནང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་གསུངས་ཡོད། སངས་རྒྱས་ཀྱི་རིགས་དེ་མངོན་དུ་འགྱུར་ཐུབ་ཆེད་ང་ཚོས་འབད་བརྩོན་བྱེད་དགོས། དེ་བཞིན་གཤེགས་པའི་སྙིང་པོ་ཟེར།

པར་པ་བསྟན་འཛིན་ཕན་བདེ་ལགས།

དེ་ནི་ཆོས་རྣམས་ཀྱི་དོན་དམ་གནས་ལུགས་རྟོགས་དགོས་པ་རེད། ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ནས་གསུངས་པའི་དངོས་པོའི་གནས་ལུགས་མཐར་ཐུག་དེ་དང་བཤད་སྟངས་ཧ་ཅང་འདྲ་པོ་ཡོད། ངོས་ཀྱིས་ཉིན་ལྟར་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་སྟོང་པ་ཉིད་ཀྱི་དོན་སྒོམ་སྐབས་ཚད་རྡུལ་དངོས་ཁམས་རིག་པའི་གྲུབ་དོན་དེར་ཡང་བསམ་བློ་གཏོང་བཞིན་ཡོད། ཆོས་རྣམས་བློར་ཇི་ལྟར་སྣང་བ་ལྟར་དུ་གྲུབ་མེད། དེར་བརྟེན་སྣང་གནས་མི་མཐུན་པ་ཧ་ཅང་ཡོད་པ་ཚད་རྡུལ་དངོས་ཁམས་རིག་པའི་རྣམ་གཞག་ནས་གཏན་ལ་ཕབ་ཡོད། 

པར་པ་བསྟན་འཛིན་ཕན་བདེ་ལགས།

རྒྱ་གར་གནའ་རབས་དཔལ་ནཱ་ལེནྡྲའི་མཁས་དབང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་དེ་ལྟར་ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་གྲུབ་མེད་པ་དང་།སྣང་གནས་མི་མཐུན་པའི་རྣམ་གཞག་སྐོར་ཞིབ་ཕྲ་གསུངས་ཡོད།  ཆོས་རྣམས་ཇི་ལྟར་སྣང་བ་ལྟར་དུ་ཞེན་པར་བརྟེན་བློར་ཆགས་སྡང་སོགས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་སྐྱེ་བཞིན་ཡོད། ཆགས་སྡང་གི་བློ་དེ་དག་ལ་གཉེན་པོ་བསྟེན་པར་ང་ཚོས་ཆོས་རྣམས་ཀྱི་དངོས་ཡོད་གནས་ལུགས་ཇི་ཡིན་ཤེས་དགོས།

པར་པ་བསྟན་འཛིན་ཕན་བདེ་ལགས།

དེ་ནས་སྙིང་རྗེའི་བློར་མཚོན་ན་ཕྱི་ནང་ཐུན་མོང་བ་ཙམ་མ་ཟད། ཆོས་དད་མེད་མཁན་དང་། ཐ་ན་སྲོག་ཆགས་གྲོག་འབུར་ཚུན་ཆད་ལའང་དགོས་མཁོ་ཡོད་པ་ཞིག་ཆགས་ཡོད། དཔེར་ན་ཁྱི་ལ་མཚོན་ན་ཁྱི་ཏོག་ཙམ་སེམས་པ་བཟང་བ་དེ་དག་སེམས་པ་སྐྱིད་པ་དང་། ཁྱི་གཞན་གྱིས་དགའ་པོ་བྱས་ནས་འཁོར་བཞིན་འདུག  དེ་ལས་ལྡོག་སྟེ་ཁྱི་རྟག་ཏུ་འཁྲུག་པ་རྒྱག་མཁན་ཞིག་ཡིན་ན་གྲོགས་མེད་ཁེར་རྐྱང་བྱས་ནས་སྡོད་རྒྱུ་རེད། ད་ཆ་ཚན་རིག་པ་ཚོས་ཀྱང་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སྲོག་ཆགས་ཡིན་སྟབས། ལྷན་སྐྱེས་རང་བཞིན་བྱམས་བརྩེའི་རང་བཞིན་ཡིན་པ་བརྗོད་ཀྱི་འདུག འཛམ་གླིང་ནང་གི་ཆོས་ལུགས་གཙོ་ཆེ་བ་ཚང་མས་བྱམས་བརྩེའི་ཉམས་ལེན་སྐོར་གསུང་བཞིན་ཡོད། ལྟ་གྲུབ་ཕྲན་བུ་མི་འདྲ་བ་ཡོད། དེར་བརྟེན་ཆོས་ལུགས་ཚང་མ་འཆམ་མཐུན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

པར་པ་བསྟན་འཛིན་ཕན་བདེ་ལགས།

དེ་རིང་འདིར་རྒྱ་གར་གྱི་སྲིད་འཛིན་དམ་པ་སར་ཝ་པལླི་རཱ་ད་ཀྲིཤཎ་ Dr.Sarvepalli Radhakrishnan མཆོག་གི་རྗེས་དྲན་མཛད་སྒོ་རེད། ངོས་རང་ཕྱི་ལོ་ ༡༩༥༦ ལོར་རྒྱ་གར་དུ་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་ནས་ལོ་ངོ་ ༢༥༠༠ འཁོར་བའི་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་ཞུ་རྒྱུའི་མཛད་སྒོར་བཅར་བ་ཡིན།  མཛད་སྒོ་གོ་སྒྲིག་གནང་མཁན་རྒྱ་གར་གཞུང་རེད། མཛད་སྒོ་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་རྒྱ་གར་གྱི་སྲིད་འཛིན་དམ་པ་སར་ཝེ་པལླི་རཱ་ད་ཀྲིཤཎ་ Dr.Sarvepalli Radhakrishnan མཆོག་རེད།  ངོས་ཀྱིས་དུས་རྟག་ཏུ་རྒྱ་གར་བའི་གྲོགས་པོ་གྲོགས་མོ་ཚོར་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་དེ་དག་ལ་སློབ་སྦྱོང་མང་ཙམ་བྱེད་དགོས་པ་བརྗོད་ཀྱི་ཡོད། དེང་རབས་རྒྱ་གར་བ་ཚོས་དངོས་པོ་ཡར་རྒྱས་རྐྱང་རྐྱང་ཐོག་བསམ་བློ་གཏོང་རྒྱུ་ཤུགས་ཆེ་དྲགས་པ་ལྟ་བུ་སྐབས་རེ་ངོས་ལ་ཚོར་སྣང་དེ་འདྲ་ཞིག་སྐྱེ་བཞིན་འདུག ཤེས་ཡོན་ལམ་ལུགས་དེའང་གཙོ་བོ་དངོས་པོ་འཛུགས་སྐྲུན་རྐྱང་རྐྱང་སྒང་ལ་ཕྱིན་པ་ལྟ་བུ་འདུག

པར་པ་བསྟན་འཛིན་ཕན་བདེ་ལགས།

རྒྱ་གར་ལ་གནའ་རབས་ནས་ཆགས་སྡང་སོགས་ཉོན་མོངས་པའི་བློར་གཉེན་པོ་ཇི་ལྟར་བསྟེན་དགོས་པའི་ཐོག་ལེགས་བཤད་ཧ་ཅང་ཕྱུག་པོ་ཡོད། བློའི་རྣམ་གཞག་དང་བྱེད་ལས། དཔེར་ན་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་དེ་དག་ལོ་ངོ་གསུམ་སྟོང་གོང་ནས་རྒྱ་གར་ནང་དར་འཕེལ་ཟིན་པ་རེད། དེར་བརྟེན་རྒྱ་གར་བ་ཁོ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ལམ་ལུགས་གཏན་འབེབས་དང་སྦྱང་བརྩོན་བྱེད་ཐུབ་པ་ཞིག་རེད། དཔེར་ན་རྒྱ་གར་གྱི་སྲིད་འཛིན་དམ་པ་སར་ཝ་པལླི་རཱ་ད་ཀྲིཤཎ་ Dr.Sarvepalli Radhakrishnan མཆོག་ལ་མཚོན་ན།  དེང་དུས་ཤེས་ཡོན་མཐར་ཕྱིན་པ་རེད། ཁོང་གིས་ཨིན་ཇིའི་མཐོ་སློབ་གྲགས་ཅན་ཨོག་སི་ཕོཌ་ལ་ཕེབས་པ་རེད། ཕྱོགས་མཚུངས་ཁོང་གིས་རྒྱ་གར་སྲོལ་རྒྱུན་རིག་གནས་ལའང་སྦྱངས་པ་ཧ་ཅང་འདུག སྐབས་ཤིག་ངོས་དང་ཐུག་སྐབས་ཁོང་གིས་ལེགས་སྦྱར་སྐད་ཐོག་ཚིགས་བཅད་གསུང་བྱུང་།  རྩ་བ་དེ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ནས་རེད།  ཁོང་གིས་སྐབས་དེར་རྩ་བ་ཤེས་རབ་ནས་ཚིགས་བཅད་གཅིག་ལེགས་སྦྱར་ཐོག་ཐོགས་མེད་དུ་བཏོན་སྐབས། ངོས་ཀྱིས་འགྲེལ་བ་དེ་ཁོང་ལས་སྤུས་དག་པ་ཤེས་རྒྱུ་རེད་བསམ་པ་དྲན་བྱུང་། ཞེས་ཞལ་བཤོབ་མཛད་དེ་མུ་མཐུད་བཀའ་སློབ་སྩལ་དོན།  གང་ཡིན་བརྗོད་ན་ང་ཚོས་དེའི་ཐོག་ལོ་མང་སློབ་སྦྱོང་དང་ཉམས་ལེན་བྱེད་ཀྱི་ཡོད།  ༼ བཞད་མོ་བཞད། ༽

པར་པ་བསྟན་འཛིན་ཕན་བདེ་ལགས།

ཁོང་ནི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཅན་ཞིག་དཔེ་མཚོན་དུ་གཞག་ཆོག  རྒྱ་གར་ནང་ལོ་ངོ་གསུམ་སྟོང་གོང་ནས་ཞི་གནས་དང་ལྷག་མཐོང་གི་ཉམས་བཞེས་ཡོད། རྨོངས་དད་ཙམ་གྱིས་རྗེ་འབྲང་བ་མིན་པར་ལྷག་མཐོང་ཉམས་ལེན་ལ་མཚོན་ན་བརྟག་དཔྱད་བྱས་ནས་འགྲོ་བ་རེད།  འགྲོ་སྟངས་དེ་ནི་དམིགས་བསལ་ཧ་ཅང་ཞིག་ཡིན་པ་མ་ཟད། ཧ་ཅང་གལ་གནད་ཆེན་པོ་འདུག  ད་ལྟའི་འཛམ་གླིང་ནང་རྒྱ་གར་གནའ་རབས་ནས་དར་སྲོལ་ཡོད་པའི་འཚེ་མེད་ཞི་བའི་ལྟ་གྲུབ་དང་སྙིང་རྗེའི་ཉམས་ལེན་དེ་དག་ཧ་ཅང་དགོས་མཁོ་ཆེན་པོ་ཞིག་འདུག འཚེ་བའི་ལས་དེ་དག་སྙིང་རྗེའི་བསམ་པ་མེད་པར་བརྟེན་ནས་ཡོང་བ་རེད། 

པར་པ་བསྟན་འཛིན་ཕན་བདེ་ལགས།

དུས་རབས་ ༢༠ ནང་མཚོན་ན་འཛམ་གླིང་དམག་ཆེན་དང་པོ་གཉིས་པ། དེ་བཞིན་གླིང་ཆེན་ཡུ་རོབ་ནང་དམག་འཁྲུག་དང་རྩོད་རྙོག་རྒྱུན་མ་ཆད་པར་བྱུང་ཡོད། དེང་སྐབས་སུའང་འཛམ་གླིང་ནང་མི་གསོད་ཁྲག་སྦྱོར་དང་འཁྲུག་རྩོད་ལུ་གུ་རྒྱུད་ནས་ཡོང་བཞིན་ཡོད།  ཆེས་ཐབས་སྡུག་པའི་གནས་སྟངས་ནི་ཆོས་མིང་ཐོག་ནས་མི་གསོད་ཁྲག་སྦྱོར་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་རེད། བསམ་ཡུལ་འདས་པའི་ཐབས་སྡུག་རེད། དཔེར་ན་ཁ་ཆེའི་ཆོས་ལུགས་ནང་ཁུལ་ཤི་ཡ་དང་སུན་ནི་གཉིས་ཀྱི་རྩོད་རྙོག་རེད། སྦར་མའི་ནང་ལ་མཚོན་ན་ནང་པ་དང་ཁ་ཆེའི་དབར་གྱི་རྙོག་གྲ་རེད། ཨི་ཇིཔ་ནང་ལ་མཚོན་ན་ཁ་ཆེ་དང་ཡེ་ཤུའི་དབར་གྱི་རྩོད་རྙོག་རེད། ཧ་ལས་པའི་ཐབས་སྡུག་རེད། བྱམས་བརྩེ་ངོ་མ་ནི་རང་ཉིད་ལ་གནོད་པ་བྱེད་མཁན་དགྲ་བོར་བྱམས་བརྩེ་སྒོམ་རྒྱུ་དེ་ལས་རང་གི་གཉེན་ལ་བརྩེ་བ་དེ་ཆགས་པ་དང་སྦྲེལ་ནས་ཡོད། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་ཀྱང་སྤྱོད་འཇུག་ནང་དགྲ་བོར་བྱམས་བརྩེ་སྒོམ་དགོས་པ་གསུངས་ཡོད།

ཕྱི་ལོ་ ༡༩༥༩ ལོར་ངོས་རང་མ་སུ་རིར་བསྡད་པ་ཡིན། ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་གཞུང་གིས་མཐུན་འགྱུར་འོག་ངོས་རང་རྡ་སར་སྤོས་པ་ཡིན། སྐབས་དེར་ངོས་ཀྱི་སྡོད་ཁང་དེར་སྭརག་ཨཤྲམ་ Swarg Ashram ཟེར་བ་རེད། སྐབས་དེར་སྐུ་ཞབས་ཨ་བྷ་པནྟ་ Apa Pant དམ་པ་ཁོང་ལྷན་དུ་ཡོད། ཁོང་དེ་སྔ་ཕྱི་ལོ་ ༡༩༦༥ ཙམ་ནས་ངོ་ཤེས་རེད། ཁོང་གིས་ངོས་ཀྱི་སྡོད་ཁང་ནས་མར་གཟིགས་ནས་མ་འོངས་པར་ས་གནས་འདི་ནས་ཁྱེད་ཀྱི་ཤེས་རབ་ཀྱི་སྣང་བ་ཕྱོགས་མཚམས་ཀུན་ཏུ་ཁྱབ་རྒྱུ་རེད། ཅེས་གསུངས་མྱོང་། སྐབས་དེར་ཚོར་བ་དེ་ཙམ་མ་བྱུང་། འོན་ཀྱང་ད་ཆ་ལོ་ངོ་ ༦༠ ཕྱིན་པའི་རྗེས་ལ་ངོས་ལ་མི་མང་པོས་དགའ་མོས་བྱེད་ཀྱི་འདུག  མཁས་དབང་དང་ཆོས་ལུགས་ཀྱི་དབུ་ཁྲིད། ཚན་རིག་པ་མང་པོས་ངོས་ཀྱིས་བཤད་པའི་སྐད་ཆར་དོ་སྣང་གནང་བཞིན་འདུག

པར་པ་བསྟན་འཛིན་ཕན་བདེ་ལགས།

ནང་པའི་ལྟ་གྲུབ་ལ་མཚོན་ན་ངོས་ཀྱིས་ཤེས་ཡོན་གྱི་སྡེ་ཚན་ལ་བརྩིས་པ་མ་གཏོགས་དད་པ་རྐྱང་རྐྱང་རེད་བསམ་པ་དྲན་གྱི་མི་འདུག  ད་ཆ་ཚན་རིག་པ་མང་པོ་ཞིག་གིས་ཀྱང་ནང་པའི་ལྟ་གྲུབ་ནས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྣམ་གཞག་ལ་དོ་སྣང་ཧ་ཅང་བྱེད་ཀྱི་འདུག ཕྱི་དངོས་པོའི་འཛུགས་སྐྲུན་ཡར་རྒྱས་ལ་མཚོན་ན་ཚན་རིག་པ་ཚོ་ཧ་ཅང་ཡར་ཐོན་ཟིན་པ་རེད། འོན་ཀྱང་ནང་གི་ཤེས་པའི་སྐོར་ལ་ཡར་རྒྱས་དེ་ཙམ་བྱུང་མེད། དུས་རབས་ ༢༠ འགོ་སྟོད་ཙམ་ནང་ལ་མཚོན་ན་ཚན་རིག་པ་ཚོས་ཀླད་པ་མ་གཏོགས་ཀླད་པ་ལས་གཞན་པའི་ཤེས་པའི་རྣམ་གཞག་ལོགས་སུ་ཡོད་པ་ཞིག་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད། དེར་བརྟེན་ཤེས་པའི་རྣམ་གཞག་ལ་དོ་སྣང་ཙམ་ཡང་བྱེད་ཀྱི་མེད། འོན་ཀྱང་དུས་རབས་ ༢༠ མཇུག་ཙམ་ནས་ཚན་རིག་པ་མང་པོ་ཞིག་གིས་ཀླད་པར་ཚུར་གནོན་ཤུགས་སྤྲོད་མཁན་ཞིག་ཡོད་པ་ར་སྤྲོད་བྱུང་ཡོད། དེ་ནི་ཤེས་པ་རེད། ད་ཆ་ཚན་རིག་པ་ཁག་གཅིག་གིས་ཤེས་པའམ་བློའི་བྱེད་ལས་ལ་ཉམས་ཞིབ་བྱེད་འགོ་ཚུགས་ཟིན་པ་རེད། ལྷག་པར་སྒོམ་རྒྱག་མཁན་ཚོའི་ཀླད་པའི་བྱེད་ལས་ལ་ཉམས་ཞིབ་བྱེད་ཀྱི་འདུག   ཐུགས་དམ་ལ་བཞུགས་མཁན་ཚོར་བརྟག་དཔྱད་བྱེད་ཀྱི་འདུག ཐུགས་དམ་ལ་བཞུགས་སྐབས་ལུས་པོ་ཤི་ཟིན་པ་རེད། ཀླད་པའི་བྱེད་ལས་འགག་ཟིན་ཡང་ལུས་ད་དུང་མ་ཉམས་པར་སོས་པ་བྱས་ནས་ཉིན་གྲངས་མང་པོའི་རིང་གནས་ཐུབ་པ་རེད། དཔེར་ན་མོ་སི་ཁོ་མཐོ་སློབ་ནས་ཚན་རིག་པ་ཁག་གཅིག་གིས་ཐུགས་དམ་ཐོག་ཧ་ཅང་དོ་སྣང་བྱེད་ཀྱི་འདུག རྒྱ་གར་ལྷོ་ཕྱོགས་བྷེང་ལོར་ནང་ཐུགས་དམ་བཞུགས་མཁན་ལ་བརྟག་དཔྱད་བྱ་རྒྱུའི་འཕྲུལ་ཆས་རིགས་བཞག་ཡོད། རྒྱ་གར་ལྷོ་ཕྱོགས་ཁུལ་དུ་དགེ་འདུན་པ་གཙོ་གྱུར་ཐུགས་དམ་བཞུགས་མཁན་བྱུང་མ་ཐག་ཕུང་པོར་བརྟག་དཔྱད་བྱེད་ཀྱི་ཡོད།

པར་པ་བསྟན་འཛིན་ཕན་བདེ་ལགས།

ཕྱོགས་མཚུངས་ཨ་རི་ཝི་སི་ཀོན་སིན་མཐོ་སློབ་ཀྱི་ཚན་རིག་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་ཌེ་ཝི་ཌི་སོན་གྱིས་ཐུགས་དམ་བཞུགས་མཁན་ཚོར་དམིགས་བསལ་དོ་སྣང་བྱེད་ཀྱི་འདུག དེར་བརྟེན་ད་ཆ་ཚན་རིག་པ་ཚོས་ཀླད་པ་ལས་གཞན་པའི་ནུས་པ་ཞིག་གིས་ཀླད་པའི་བྱེད་ལས་ཤུགས་རྐྱེན་སྤྲད་པར་ངོས་འཛིན་བྱེད་ཀྱི་འདུག  དེ་དག་ནི་རྒྱ་གར་གནའ་རབས་ཀྱི་ལེགས་བཤད་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་དྲི་བ་རྣམས་ལ་བཀའ་ལན་སྩལ་འདུག

སྤྱིར་རྒྱལ་ཡོངས་ཚད་མཐོའི་ཤེས་ཡོན་བསྟི་གནས་ཁང་ཞེས་པ་དེ་རྒྱ་གར་བྱང་ཕྱོགས་སིམ་ལར་རྟེན་གཞི་བྱས་ཡོད་འདུག་ཅིང་། བསྟི་གནས་ཁང་དེ་ཐོག་མར་ཕྱི་ལོ་ ༡༩༦༥ ལོར་སྲིད་འཛིན་དམ་པ་མཆོག་གིས་གསར་འཛུགས་གནང་བ་ཞིག་ཡིན་འདུག 

Share with your friends










Submit