ཟླ་བ་ ༡༡ ཚེས ༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ རེས་གཟའ་ཟླ་བ། 

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུ་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༦ བར་ཉིན་གྲངས་གསུམ་རིང་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཤེས་རབ་སྙིང་པོའི་ཆོས་འབྲེལ་དབུ་འཛུགས་མཛད་འདུག  

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཀོ་རི་ཡ་དད་ལྡན་པ་ཚོས་མགོན་པོ་གང་ཉིད་སྤོས་སྣེས་སྔོན་བསུས་ཏེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་གིས་དེར་འདུས་ཀོ་རི་ཡ་དད་ལྡན་ཆོས་ཞུ་བ་མི་གྲངས་ ༧༥༠ ལྷག་གཙོ་བོར་གྱུར་བའི།  རྒྱ་ནག་དང་རྒྱ་གར།  ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆོས་ཞུ་བ་གྲངས་ ༡༩༡༠ དང་། གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་རང་རིགས་སེར་སྐྱ་ཕོ་མོ་གྲངས་ ༣༣༦༩ བཅས་ཁྱོན་བསྡོམས་མི་གྲངས་ ༦༠༠༠ བརྒལ་བར་ཐོག་མར་བཀའ་སློབ་སྩལ་དོན། 

དེ་རིང་སྤྱི་བཤད་ཕྲན་བུ་ཞུས་པ་ཡིན་ན། སྔོན་ལ་དཔེར་ན་དྲི་བ་གཅིག་ནི། ད་ལྟ་ང་ཚོ་དུས་རབས་ ༢༡ ནང་སླེབས་ཡོད། དངོས་པོ་ཡར་རྒྱས་ཆེན་པོ་ཕྱིན་ཡོད། ཆོས་ཀྱིས་མི་ལ་ཕན་ཐོགས་གང་ཡོད། ཆོས་ཟེར་བ་དེ་སྨོན་ལམ་རྒྱག་རྒྱུ་ཙམ་ཞིག་ཡིན་ན་དེ་ཙམ་ཧ་ལས་རྒྱུ་མེད། འོ་ན་ད་ཆ་དུས་རབས་ ༢༡ ནང་འདིར་ཆོས་ཀྱི་འབྲེལ་བ་གང་འདུག  ཅེས་དྲི་བ་དང་པོ་འདི་ཕལ་ཆེར་སླེབ་ཀྱི་རེད།

འཛམ་གླིང་འདིའི་སྟེང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པ་དེ་དག་ཚང་མས་བྱམས་བརྩེ་དགོས་པ་དེ་བསླབ་བྱ་གཙོ་བོ་རེད། བྱམས་པ་དང་བརྩེ་བ་ཞེས་པའི་བསླབ་བྱ་འདི་མིའི་ལྷན་སྐྱེས་རང་བཞིན་ཡིན་པ་མ་ཟད། དགོས་མཁོ་ཡོད་པ་ཧ་ཅང་གསལ་པོ་རེད། དེ་འདྲའི་བྱམས་བརྩེ་སྤེལ་བར་ལྟ་གྲུབ་འདྲ་མིན་ཡོང་བཞིན་ཡོད། རིགས་གཅིག་གིས་འཇིན་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་རྒྱུ་འདི་བཤད་ནས་སྣོད་བཅུད་ཚང་མ་དཀོན་མཆོག་གིས་བཀོད་པ་རེད། དེར་བརྟེན་དཀོན་མཆོག་གིས་བསླབ་བྱ་གཙོ་བོ་ནི། བྱམས་བརྩེ་གསུང་གི་ཡོད་སྟབས་བྱམས་བརྩེ་གལ་ཆེན་པོ་རེད། 

 དཀོན་མཆོག་ནི་བརྩེ་བའི་བདག་ཉིད་རེད། ང་ཚོ་ཚང་མ་བརྩེ་བའི་བདག་ཉིད་དཀོན་མཆོག་གི་སྲས་ཆགས་ཀྱི་ཡོད་པར་བརྟེན་འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་དྲུག་ཅུ་བདུན་ཅུ་ཙམ་ཡོད་པ་དེ་དག་ཚང་མ་གང་ལྟར་དཀོན་མཆོག་གཅིག་གི་སྲས་ཆགས་སྟབས། ང་ཚོ་ཚང་མ་སྤུན་མཆེད་ནང་བཞིན་རེད། ང་ཚོས་ཕན་ཚུན་བརྩེ་བ་བྱེད་དགོས། ང་ཚོའི་ཡབ་ལྟ་བུ་དཀོན་མཆོག་ཆགས་ཡོད། ང་ཚོ་ཚང་མ་དཀོན་མཆོག་གཅིག་གི་སྲས་གཅིག་གྱུར་ཡིན་པར་བརྟེན། ང་ཚོས་ནང་ཁུལ་འཁྲུག་པ་བརྒྱབ་ནས་ཕན་ཚུན་གསོད་རེས་བཏང་བ་ཡིན་ན་ཤིན་ཏུ་མི་འོས་པ་རེད། དཔེར་ན།  ཁྱིམ་ཚང་གཅིག་པ་ནང་ཁུལ་གསོད་རེས་བྱས་ན་འཇིག་རྟེན་ཕལ་པའི་ཁྲོད་དུའང་ཧ་ཅང་ཐབས་སྡུག་པོར་བརྩི་རྒྱུ་རེད།  དེར་བརྟེན་འཇིག་རྟེན་བཀོད་པ་པོ་གཅིག་གི་སྲས་ཡིན་བསམ་པའི་འདུ་ཤེས་དེ་ཕན་ཐོགས་ཧ་ཅང་འདུག 

འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ནི་རྒྱ་གར་ནང་ཕལ་ཆེར་ལོ་སུམ་སྟོང་ཙམ་གྱི་གོང་ནས་ཆོས་བརྒྱུད་མང་པོ་ཞིག་བྱུང་ཡོད། ཐོག་མར་ཕལ་ཆེར་གྲངས་ཅན་པ་རེད། མུ་སྟེགས་པའི་གཞུང་ནང་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་གི་སྐད་ཆ་མེད་པ་དང་། དཔེར་ན་སྤྱི་གཙོ་བོ་ཟེར་བ་རེད།  འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་བྱེད་པོ་ཡིན་པ་དང་། དེའི་རང་བཞིན་རྟག་པ་ཡིན་པར་འདོད།  རིགས་ཁ་ཤས་ཀྱིས་དབང་ཕྱུག་ཟེར་གྱི་ཡོད་པ་རེད། རྟག་པ་རང་བྱུང་གི་སྐྱེས་བུ་ཟེར་བ་ཞིག་བཤད་ནས་གང་ལྟར་ལྟ་གྲུབ་མི་འདྲ་བ་ཡོད།

དེ་རྗེས་གཅེར་བུ་པ་རེད། གཅེར་བུ་པས་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། དེ་ནས་སངས་རྒྱས་པའི་ཆོས་བྱུང་བ་རེད། སངས་རྒྱས་པས་ཀྱང་འཇིག་རྟེན་བཀོད་པ་པོ་མི་འདོད་པ་རེད། བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན་ཡིན། ཞེས་སོ་སོའི་མགོན་དེ་སོ་སོ་རེད། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། སོ་སོས་ཡག་པོ་བྱས་ན། སོ་སོར་ཡག་པོ་ཡོང་བ་དང་། རང་གིས་གཞན་ལ་གནོད་པ་དང་འཚེ་བ་སོགས་སྡུག་པོ་བྱས་པ་ཡིན་ན་རྣམ་སྨིན་རང་ཉིད་ཀྱིས་མྱོང་དགོས་པ་གསུངས། 

དེར་བརྟེན་སོ་སོའི་བདེ་སྡུག་གི་རྒྱུ་རྐྱེན་ལྟ་བུ་གཙོ་བོ་ནི་སོ་སོ་རང་ལ་ཐུག་ཡོད། ཅེས་བདག་ཉིད་བདག་གི་མགོན་གསུངས་པ་རེད།  འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གཅེར་བུ་པ་དང་། གྲངས་ཅན་ལྷ་མེད་པའང་ཕལ་ཆེར་གཅིག་པ་མིན་ནམ། གང་ལྟར་གཞན་ལ་འཚེ་བ་བྱས་ན་རང་ལ་སྡུག་བསྔལ་ཡོང་གི་རེད། གཞན་ལ་ཕན་བཏགས་ནས་རང་ལ་བདེ་བ་ཡོང་གི་རེད། ཅེས་བདེ་སྡུག་ཟེར་རྒྱུ་འདི་རྒྱུ་དང་འབྲས་བུའི་འགྲོ་སྟངས་བྱས་ནས་རྒྱུ་འབྲས་དང་འབྲེལ་བའི་ཐོག་ནས་འགྲེལ་བཤད་རྒྱག་ཡོང་སྐབས་རྒྱུ་གཞལ་ལ་ཕན་བཏགས་ནས་ཕན་པའི་རང་བཞིན་བྱས་པ་ཡིན་ན། དེའི་འབྲས་བུར་རང་ལ་བདེ་སྐྱིད་ཡོང་གི་རེད། རྒྱུ་གཞན་ལ་གནོད་པའི་ལས་དེ་འདྲ་བྱས་པ་ཡིན་ན། རང་ལ་སྡུག་བསྔལ་ཡོང་གི་རེད། ཅེས་ལས་འབྲས་ཀྱི་སྐད་ཆ་བཤད་ཀྱི་འདུག 

རྒྱ་གར་གི་ཆོས་བརྒྱུད་ཀྱི་སྐྱེ་བ་སྔ་ཕྱི་བཤད་ཀྱི་ཡོད། སྐྱེ་བ་སྔ་ཕྱི་ཡོང་བའི་རྒྱུ་མཚན་ཕུང་པོ་ལས་དོན་གཞན་པའི་བདག་ཡོད་པ་རེད། ཅེས་ཕུང་པོ་ནི་མི་ཚེ་གཅིག་གི་སྐྱེ་འཆི་བྱས་ནས་འགྲོ་བཞིན་ཡོད། ཕུང་པོ་ལས་དོན་གཞན་པའི་བདག་ནི་ཐོག་མ་དང་མཐའ་མ་ཡོད་མ་རེད། དེར་བརྟེན་ཕུང་པོ་ལས་དོན་གཞན་པའི་བདག་གིས་སྐྱེ་བ་གསར་པ་གསར་པ་བླངས་པ་ཡིན་སྟབས། རྟག་གཅིག་རང་དབང་མེད་པའི་བདག་ཟེར་རྒྱུ་འདི་ཕུང་པོ་ལས་དོན་གཞན་པའི་བདག་ནི་ཕུང་པོ་སྐྱེ་འཆི་བྱས་པ་ནང་བཞིན་བྱེད་ཀྱི་མེད་པར་བརྟེན་རྟག་པ། དེ་ནས་ཕུང་པོ་ནི་དུ་མའི་རང་བཞིན་རེད། བདག་ཟེར་རྒྱུ་འདི་གཅིག་པོ། གློ་བུར་གྱི་རྒྱུ་རྐྱེན་གྱིས་བྱས་པ་མིན་སྟབས། རྟག་གཅིག་རང་དབང་བ་ཟེར་རྒྱུ་ཞིག་ཤོད་ཀྱི་འདུག དེའི་ཐོག་ནས་སྐྱེ་བ་སྔ་ཕྱི་བཤད་ཀྱི་ཡོད། དེ་ལ་བདེ་སྡུག་ཇི་ལྟར་ཡོང་བ་ཟེར་རྒྱུ་ནི་སོ་སོའི་ལས་བཟང་པོ་བསགས་ན་བདེ་བ་ཡོང་རྒྱུ་དང་། ལས་ངན་པ་བསགས་ན་སྡུག་བསྔལ་ཡོང་རྒྱུ་ཟེར་རྒྱུ་ཞིག་རྒྱ་གར་གི་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་ཀྱིས་འདི་ལྟར་བཤད་ཡོང་གི་ཡོད།

སངས་རྒྱས་པའི་གཞུང་དེའང་དེའི་གྲས་ཤིག་ཆགས་ཡོད། མདོ་དོན་སྙིང་པོ་དྲི་བ་དང་པོ་འདི་ང་ཚོ་ཚང་མ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་རེད། འབུ་སྲིན་ཞིག་ཡིན་ནའང་ཉེན་ཁ་ལྟ་བུ་ཞིག་སླེབ་པ་ཡིན་ན། དེ་ལས་གཡོལ་ཐབས་སྣ་ཚོགས་བྱེད་ཀྱི་རེད། སྐབས་རེ་རང་ལ་གནོད་དོགས་ཀྱིས་ཤི་རྫུན་བཏབ་པ་དེ་འདྲང་བྱེད་ཀྱི་འདུག དེ་ནི་སྡུག་བསྔལ་མི་འདོད་པས་བྱས་པ་ཡིན་སྟབས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་རྒྱུན་མཚན་སྒྲུབ་བྱེད་དུ་བཀོད་མི་དགོས་པར་ཚང་མར་རང་གི་ངང་གིས་ཡོང་བཞིན་འདུག 

སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་ནི། སེམས་ལ་བཟོ་བཅོས་རྒྱག་རྒྱུ་ཞིག་དང་། དེ་ཡང་བདེ་སྡུག་ཟེར་རྒྱུ་འདི་ལ་ལུས་ཀྱི་བདེ་སྡུག་ཅིག་ཡོད་པ་རེད། ལུས་ཀྱི་བདེ་སྡུག་ལ་སེམས་མེད་ན་བེམ་པོ་བྱས་ནས་བསྡད་རྒྱུ་རེད། དེར་ན་བདེ་སྡུག་གི་ཚོར་བ་ཡོང་རྒྱུ་མི་འདུག གང་ལྟར་བདེ་སྡུག་གི་ཚོར་བ་ཚང་མ་ཤེས་པའི་སྟེང་ནས་ཡོང་བཞིན་འདུག ང་ཚོའི་མངོན་པ་ཀུན་བཏུས་ནང་སེམས་དང་སེམས་བྱུང་གཉིས་ཕྱེ་ནས་སེམས་ལ་རྣམ་ཤེས་ཚོགས་དྲུག སེམས་བྱུང་ཀུན་འགྲོ་ལྔ། ཡུལ་ངེས་ལྔ། དགེ་བ་བཅུ་གཅིག རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། གཞན་འགྱུར་བཞི་བཅས་ཀུན་བཏུས་ནང་དེ་ལྟར་གསུངས་འདུག མངོན་པ་མཛོད་ལས་གསུང་གི་ཡོད་ཀྱང་མངོན་པ་གོང་འོག་གཉིས་བཤད་པའི་ནང་ནས་མངོན་པ་གོང་མ་འདི་རླབས་ཆེ་བ་ལྟ་བུ་འདུག  དེ་བཞིན་ཚོར་བ། འདུ་ཤེས། འདུ་བྱེད། སེམས་པ། ཡིད་ལ་བྱེད་པ། རེགས་པ་ཟེར་རྒྱུ་འདིས་སོ་སོ་ཀུན་གྱི་འཁོར་དུ་འགྲོ་ཕྱིར་ཀུན་འགྲོ་ཞེས་བྱ་བའོ། ཞེས་ཀུན་འགྲོ་ལྔ་ཟེར་རྒྱུ་འདིའི་ཐོག་ནས་བདེ་སྡུག་གི་ཚོར་བ་འདི་སླེབ་ཡོང་གི་འདུག བདེ་སྡུག་གི་ཚོར་བ་འདི་ལྟར་བཤད་ཡོང་གི་འདུག 

གང་ལྟར་བསྡེ་སྡུག་བཤད་དུས་ཤེས་པའི་སྟེང་འགྲོ་བཞིན་ཡོད། དེང་སྐབས་དངོས་པོ་ཁོ་ནའི་ཐོག་ནས་བསམ་བློ་གཏོང་མཁན་ཤེས་པ་ཟེར་རྒྱུ་འདི་ལ་དོ་སྣང་གང་ཡང་མེད་པའི་བཟོ་འདྲ་བོ་འདི་མ་འདང་པའི་གནས་ཚུལ་རེད།  དེར་བརྟེན་སྤྱིར་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་ཀྱིས་སྨོན་ལམ་རྒྱག་རྒྱུ་ལྟ་བུ་གཅིག་པོ་མ་གཏོགས་ནང་གི་ཤེས་པའི་སྟེང་ནས་བདེ་སྡུག་ཡོང་རྒྱུ་ཟེར་བ་དེ་ཚོའི་གྲས་ལ་འགྲེལ་བཤད་གང་ཡང་མི་འདུག སངས་རྒྱས་པའི་གཞུང་ནང་སེམས་རྟོགས་པ་རྟོགས་མེད་དབྱེ་བ་འབྱེད་རྒྱུ་དང་། ཚད་མ་དང་ཚད་མིན་གྱི་དབྱེ་བ་འབྱེད་རྒྱུ། སེམས་དང་སེམས་བྱུང་གི་དབྱེ་བ་འབྱེད་རྒྱུ་དེ་ཚོའི་གྲས་གནད་འགག་ཆེན་པོ་རེད་འདུག

ཐོན་ས་འདི་དཔེ་ཆའི་ནང་ནས་ཡོང་གི་ཡོད་ཀྱང་ང་ཚོའི་མི་ཚེའི་ནང་འབྲེལ་བ་ཡོད་པ་ཞིག་རེད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་རྗོད་ཀྱི་ཡོད། ཆོས་ཕྱོགས་ཀྱི་གཞུང་ནས་ཐོན་པ་དེ་ཚོའི་གྲས་ཆོས་ཀྱི་སྡེ་ཚན་ནང་མ་བཞག་པར་ཤེས་ཡོན་གྱི་སྡེ་ཚན་ནང་བཞག་དགོས། གང་ལྟར་བདེ་སྡུག་ཟེར་བའི་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རང་གི་ངང་གིས་ཡོད་པ་ཡིན་སྟབས། བདེ་སྡུག་ཟེར་རྒྱུ་འདི་རྒྱུ་དང་རྐྱེན་ག་འདྲའི་ཐོག་ནས་ཡོང་གི་འདུག་རྩད་གཅོད་བྱས་ནས་སྡུག་བསྔལ་མི་འདོད་པ་ཡིན་ན།  སྡུག་བསྔལ་གྱི་རྒྱུ་དེ་རྩད་བཅད་ནས་སྡུག་བསྔལ་གྱི་རྒྱུ་དེ་གང་རེད་འདུག  དེ་འགོག་ཐབས་བྱེད་རྒྱུ་འདུག་གམ་མི་འདུག་བསམ་བློ་གཏོང་དགོས།  

བདེ་བ་འདོད་པ་ཡིན་སྟབས། བདེ་བའི་རྒྱུ་ག་འདྲ་རེད་འདུག བདེ་བའི་རྒྱུ་གོང་ནས་གོང་དུ་སྤེལ་དགོས་འདུག བསམ་པའི་ཀུན་སློང་སྐྱེ་རྒྱུ་རེད།  དཔེར་ན། ཤིང་ཏོག་ལྟ་བུར་མཚོན་ན། འབྲས་བུ་ཤིང་ཏོག་འདི་ང་ཚོ་འདོད་ཀྱི་ཡོད་པར་བརྟེན་དེའི་རྒྱུ་ས་བོན་དང་། ས་བོན་དེ་ཉེར་ལེན་གྱི་རྒྱུ་ཡིན་པ་དང་། ས་བོན་དེ་བཏབ་ནས་རླན་དང་དྲོད་སོགས་མང་པོ་ཞིག་གིས་རྐྱེན་བྱས་ནས་གང་ལྟར་ཉེར་ལེན་གྱི་རྒྱུ་ཡོད་པ་ཙམ་གྱི་མི་ཆོག་པར་རྐྱེན་མང་པོ་ཞིག་འཛོམས་པའི་འོག་ནས་སྡོང་པོ་ཡར་འཚར་ལོངས་བྱས་ནས་མཐར་འབྲས་བུ་ལོངས་སྤྱོད་ཐུབ་པ་ཡོང་གི་ཡོད།

དེ་ལྟར་ཤེས་པའི་སྟེང་ནས་ཡོང་བཞིན་པའི་བདེ་སྡུག་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་པ་ཞིག་ཡིན་སྟབས། སྤྱིར་ཆོས་ལུགས་ཚང་མས་དད་པ་གལ་ཆེན་པོ་གསུང་གི་ཡོད་པ་རེད། སངས་རྒྱས་པའི་གཞུང་གིས་དད་པ་ཁོ་ན་མིན་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་དཔྱད་པ་བྱས་ནས་རྒྱུ་དང་རྐྱེན་ཟེར་རྒྱུ་དེ་ཚོའི་གྲས་དཔྱད་པ་བྱས་ནས་འགྲོ་རྒྱུ་ཞིག་ཡོང་གི་འདུག དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་རང་ཉིད་ཀྱིས་འདི་ལྟར་གསུང་པ་རེད།

དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །

ཞེས་གསུངས་ཡོད། འདི་ཐུན་མོང་མ་ཡིན་པ་རེད་འདུག བཅོམ་ལྡན་འདས་ཀྱིས། ངས་བཤད་པའི་ཆོས་འདི་ལ་དགེ་སློང་དང་མཁས་དབང་ཚོས་བཅོམ་ལྡན་འདས་ཀྱིས་བཀའ་རེད་ཅེས་དད་པ་བྱས་ནས་ཡིད་ཆེས་བྱེད་དགོས་མ་རེད། བཅོམ་ལྡན་འདས་ཀྱིས་གསུང་པ་དེ་ལ་ཁྱེད་རང་ཙོས་བརྟག་དཔྱད་བྱོས། བརྟག་དཔྱད་དང་ཚོད་ལྟ་བྱས་པའི་ཐོག་ནས་ཕན་ཐོགས་ཡོད་པ་དེ་དག་ཚུར་ལག་ཏུ་བླང་། གལ་ཏེ་དེ་ཙམ་གྱི་དགོས་པ་གང་ཡང་མ་མཐོང་ཚེ་ཁས་ལེན་བྱེད་མི་དགོས། ཞེས་པ་འདིས་སྟོན་པ་ཤཱཀྱ་ཐུབ་པ་འདི་ཉིད་ནི་སྟོན་པ་འདྲ་འདྲའི་ནང་ནས་ཕལ་ཆེར་མི་འདྲ་བ་རེད་འདུག

སྤྱིར་གོང་དུ་ཞུས་པ་ནང་ལྟར། ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་གི་ཡོད་པ་ཧ་ཅང་ཡག་པོ་རེད། མི་ལ་ཕན་གྱི་ཡོད། འོན་ཀྱང་ལྟ་གྲུབ་སྟེང་སླེབ་ཡོང་དུས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལྟ་གྲུབ་འདི་ཟབ་ཤོས་རེད་འདུག དངོས་ཡོད་གནས་ཚུལ་དང་མཐུན་པ། ཚན་རིག་དང་མཐུན་པ་ཞིག་ཕལ་ཆེར་ཆགས་ཡོད། དཔེར་ན། ཚད་རྡུལ་དངོས་ཁམས་རིག་པ་ quantum physics སྐོར་བཤད་ཡོང་སྐབས་ཚན་རིག་པས་ཚད་རྡུལ་དངོས་ཁམས་རིག་པའི་སྐོར་ཤོད་རྒྱུ་དང་ནང་པའི་གཞུང་ནས་རྟེན་འབྲེལ་ལྟོས་སྒྲུབ་བཤད་པ་འདི་ཏག་ཏག་འགྲོ་བཞིན་འདུག  ཚད་རྡུལ་དངོས་ཁམས་རིག་པ་བ་ཚོས་ད་ལྟ་ནང་གི་ཤེས་པའི་གནས་ཚུལ་ཤེས་ཀྱི་མེད། ཚན་རིག་པས་བཤད་པའི་སེམས་ཁམས་རིག་པའི་རྣམ་གཞག་དེ་དག་ནང་པ་སངས་རྒྱས་པ་དང་བསྡུར་བ་ཡིན་ན་ཧ་ཅང་ཚད་དམའ་བོ་རེད། རྒྱ་གར་ནང་སེམས་ཁམས་རིག་པ་འདི་ལོ་སྟོང་ཕྲག་གསུམ་ཙམ་གྱི་གོང་ནས་སླེབ་ཟིན་འདུག སྒོ་ལྔའི་ཤེས་པ་དེ་དག་གིས་རྐྱེན་ལྟ་བུ་བརྡ་སྤྲོད་མཁན་བཟོ་འདྲ་ཞིག་རེད་མ་གཏོགས་དཔེར་ན་མིག་གི་ཤེས་པས་གཟུགས་ཡིད་དུ་འོང་བ་ཞིག་མཐོང་། ཡིད་ཀྱི་ཤེས་པས་དེ་ལ་བདེ་སྡུག་གི་ཚོར་བ་ཡོང་བཞིན་པ་ཞིག་ཆགས་ཀྱི་འདུག 

ནང་པའི་གཞུང་ནང་སེམས་ཁམས་རིག་པའི་སྐོར་ཧ་ཅང་ཤུགས་ཆེན་པོ་གསུང་གི་ཡོད་པ་རེད། དེ་ཚོ་གནད་འགག་ཆེན་པོ་རེད་འདུག ཆོས་ཀྱི་སྐད་ཆ་མིན་པར་ཤེས་ཡོན་གྱི་སྡེ་ཚན་ལ་བཞག་ནས་འཕྲོད་བསྟེན་དང་འབྲེལ་བ་ཡོད་པ་རེད།  ཅེས་སོགས་ཀྱི་བཀའ་སློབ་སྩལ། 

ཐེངས་འདིའི་ཆོས་འབྲེལ་བོད་སྐད། རྒྱ་སྐད་དང། ཨིན་ཇི། ཀོ་རི་ཡ། ཉི་ཧོང་། ཧིན་རྡི། འཇར་མན།  ཨུ་རུ་སུ། སོག་པོ།  ལྦེ་ཏི་ནམ་ ཨི་ཊ་ལི་བཅས་ཀྱི་སྐད་ཡིག་མི་འདྲ་བ་བཅུ་གཅིག་ནང་གསུང་སྒྱུར་ཞུས་འདུག་པ་མ་ཟད། དྲ་ལམ་ཐོག་ནས་ཐད་ཀར་གསན་གཟིགས་ཐུབ་རྒྱུའི་མཐུན་རྐྱེན་ཡང་བསྐྲུན་འདུག་པ་བཅས། །

Share with your friends










Submit