ཟླ་བ་ ༡༡ ཚེས ༡༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།

 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ཉིན་ཡུ་རོབ་སི་པན་རྒྱལ་ཁབ་ཀྱི་གྲོང་ཁྱེར་བྷར་སི་ལོ་ནར་ Barcelona རྟེན་གཞི་བྱས་པའི་སི་པན་བོད་ཁང་ Casa Del Tibet, Spain དབུ་བརྙེས་ནས་མི་ལོ་ ༢༥ འཁོར་བའི་དབུ་འབྱེད་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་དོན།

ང་རང་སི་པན་བོད་ཁང་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་བཅར་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང་། ངས་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སི་པན་བོད་ཁང་གི་འགན་འཛིན་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ཚོགས་མི་རྣམ་པར་སི་པན་བོད་ཁང་དབུ་བརྙེས་ནས་ད་བར་གྲུབ་འབྲས་ལྡན་པའི་ཐོག་ལོ་ངོ་ ༢༥ འཁོར་བར་འཚམས་འདྲི་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༩༤ ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་འོག་སི་པན་བོད་ཁང་ཐོག་མར་དབུ་བརྙེས་པ་ནས་བཟུང་། ཚོགས་པའི་ངོས་ནས་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་གསོ་བ་རིག་པ། བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་སྲུང་སྐྱོབ་དང་ཁྱབ་སྤེལ་བྱ་རྒྱུར་འགན་རྐང་གཙོ་བོ་བཞེས་གནང་ཡོད། དེས་མ་ཟད། སེ་པན་བོད་ཁང་ངོས་ནས་ཤེས་ཡོན་ལས་འཆར་དང་། འཕྲོད་བསྟེན་ལས་འཆར། བཙན་བྱོལ་ནང་ཡོད་པའི་ཉམ་ཐག་ལྟ་སྐྱོང་ལས་གཞི། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ། བོད་ཀྱི་སྐད་ཡིག་དང་། སྒྱུ་རྩལ། བོད་ཀྱི་གནད་དོན་ཁྱབ་སྤེལ་བྱ་རྒྱུ་སོགས་སྤྱི་ཚོགས་དང་། འགྲོ་བ་མིའི་བདེ་རྩའི་ལས་འགུལ་རབ་དང་རིམ་པ་སྤེལ་གནང་ཡོད། གཞན་ཡང་སི་པན་བོད་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ལམ་སྟོན་འོག་སེ་པན་བོད་ཁང་ནས་བོད་མིའི་སྒྲིག་འཛུགས་དང་། བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ།  དགོས་མཁོ་ཅན་གྱི་གང་ཟག་སྒེར་པ་སོགས་ཀྱི་ལས་འཆར་མང་པོར་སྦྱིན་བདག་གནང་བ་སོགས་བོད་མིའི་སྒྲིག་འཛུགས་དང་། བོད་རིགས་མི་མང་ལ་རྒྱབ་སྐྱོར་གནང་ཡོད། སེ་པན་བོད་ཁང་ནི་བོད་མི་རྣམས་དང་། ནུབ་ཕྱོགས་དབར་གོང་གི་གལ་འགངས་ཆེ་བའི་ལས་འཆར་དེ་དག་གི་ཟམ་པ་ལྟ་བུ་ཞིག་ཡིན། བོད་ཁང་གི་ཚོགས་མི་རྣམས་དང་གཞན་བོད་ཁང་ནང་དང་བླངས་ཞབས་ཞུ་བ་ཚང་མས་ཁྱད་དུ་འཕགས་པའི་ཕྱག་ལས་གནང་བ་ཁག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

བོད་མིའི་མང་གཙོ་ནི་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༩ ལོར་ཁྲིམས་འགལ་ཐོག་བོད་ས་བཙན་བཟུང་མ་བྱས་གོང་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མངོན་འདོད་ཞིག་ཡིན། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་མ་བྱས་སྔོན། གཞུང་གི་གལ་ཆེའི་ཐག་གཅོད་མང་ཆེ་བ་བཀའ་བློན་རྣམ་པ་དང་། ལྷ་སའི་གདན་ས་ཆེ་ཁག་གསུམ་གྱི་མཁན་པོ། མང་ཚོགས་ཀྱི་འཐུས་མི་བཅས་ལས་གྲུབ་པའི་ཚོགས་འདུ་ཆེན་མོ་ནས་གནང་གི་ཡོད་སྟབས། བོད་མི་ཚོར་མང་གཙོའི་གཞུང་སྲིད་འཛིན་སྐྱོང་གི་ཉམས་མྱོང་མེད། ཡིན་ནའང་༧གོང་ས་མཆོག་གིས་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙོའི་ལམ་སྲོལ་ཐོག་བསྒྱུར་བཅོས་ཀྱིས་མི་མང་ནས་འགན་འཁུར་ཆེ་བཞེས་ཐོག་སོ་སོའི་སྐུ་ཚབ་འོས་འདེམས་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གྱི་སྲིད་བྱུས་བཏིང་ནས་འགྲོ་དགོས་པ་གཟིགས་གནང་ཡོད། དེར་བརྟེན་༧གོང་ས་མཆོག་སྐུ་ན་ཕྲ་མོ་དགུང་གྲངས་ ༡༦ སྐབས་ནས་བོད་ནང་འཛིན་སྐྱོང་དང་། ས་ཆའི་བདག་དབང་བཅས་ཀྱི་ཐོག་བསྒྱུར་བཅོས་གནང་སྟེ་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་གོམ་པ་སྤོས་གནང་བ་དང་། བོད་པའི་སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་བསྐྲུན་གནང་ཡོད། འོན་ཀྱང་རྒྱ་དམར་གཞུང་གིས་བཙན་འཛུལ་བྱས་པར་བརྟེན། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་ཇི་བཞིན་ལས་དོན་གྲུབ་ཐུབ་མེད།  བཙན་བྱོལ་ནང་ཕེབས་མ་ཐག་ཐོག་མར་ཕྱི་ལོ་ ༡༩༥༠་་་༦༠ ནང་མ་སུ་རིར་བཙན་བྱོལ་བོད་གཞུང་བཙུགས་གནང་བ་དང་། ཕྱིས་སུ་རྡ་སར་གནས་སྤོས་གནང་ཡོད། བོད་མི་མང་ཆེ་བ་ཆོས་ལ་དད་པ་ཆེན་པོ་ཡོད་པ་ཞིག་དང་། དེ་ཡང་མང་ཆེ་བ་འབྲོག་པ་དང་ཞིང་པ་ཡིན་སྟབས། མང་གཙོའི་འགྲོ་ལུགས་སོགས་ལ་གོ་རྟོགས་མེད་པར་བརྟེན། ༧གོང་ས་མཆོག་གིས་བོད་གཞུང་འདི་ཉིད་མང་གཙོའི་ལམ་ལུགས་ཐོག་བསྐྱོད་རྒྱུའི་ཞིབ་ཕྲའི་འཆར་གཞི་གསལ་བསྒྲགས་གནང་། ༧གོང་ས་མཆོག་གིས་སྔ་འཕྲོས་རིང་ཆོལ་ཁ་གསུམ་ནས་སྐུ་ཚབ་གསུམ་རེ་དང་། ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་ནས་སྐུ་ཚབ་གཅིག་རེ་འདེམས་དགོས་པའི་བཀའ་སློབ་ཕེབས་པ་ལྟར། ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བོད་པའི་སྐུ་ཚབ་ ༡༣ བདམས་ཏེ་ཐེངས་དང་པོ་རྒྱལ་སྤྱིའི་མང་གཙོའི་འགྲོ་ལུགས་ལག་ལེན་བསྟར་ཡོད། ཁོང་རྣམས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཞེས་འབོད་ཀྱི་ཡོད། ཕྱིས་སུ་བོད་མི་ཚང་མས་ལོ་ལྟར་སྤོབས་སེམས་ཆེན་པོའི་ངང་ཕྱི་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་དྲན་ཉིན་མོར་སྲུང་རྩི་ཞུ་བཞིན་ཡོད།

རྒྱལ་ཁབ་གཞན་དང་མི་འདྲ་བར་མང་གཙོ་ཐོབ་ཐབས་ཆེད་མི་མང་དང་། སྒེར་པ། ཚོགས་པ་སོགས་ནས་འཐབ་འཛིང་དང་། གསོད་རེས། བློས་གཏོང་། ངོ་རྒོལ་སོགས་བརྒྱབ་མི་དགོས་པར། ༧གོང་ས་མཆོག་གིས་མར་མི་མང་ལ་མང་གཙོ་གསོལ་སྩལ་གནང་བ་མ་ཟད། ཁོང་གི་དབུ་འཁྲིད་འོག་དུས་ནས་དུས་སུ་མང་གཙོའི་ལམ་ལུགས་ཐོག་ཡར་རྒྱས་བཏང་གནང་ཡོད།  བོད་མི་རྣམས་ལ་༧གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་འཁྲིད་ཡོད་པ་ནི་བསོད་ནམས་ཆེན་པོ་ཡིན། ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་དང་། ཕྱི་ལོ་ ༡༩༩༡ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་དང་། ༧གོང་ས་མཆོག་གིས་ཆོག་མཆན་སྩལ་རྗེས། ལག་ལེན་བསྟར་འགོ་འཛུགས་ཡོད། བཅའ་ཁྲིམས་ནང་༧གོང་ས་མཆོག་གིས་བཀའ་བློན་འོས་དམིགས་འདོན་གནང་བའི་རྗེས་ལ་སྤྱི་འཐུས་རྣམ་པར་བཀའ་བློན་འདེམས་རྒྱུའི་འགན་དབང་བསྐུར་ཡོད།  མང་གཙོའི་ལམ་ལུགས་ཐོག་ལེགས་བཅོས་ཡོང་ཐབས་སུ། ༧གོང་ས་མཆོག་གིས་བཀའ་སློབ་གཞིར་བཟུང་སྤྱི་འཐུས་ཀྱི་གྲངས་ ༡༢ ནས་ ༤༦ ལ་སྤར་གནང་ཡོད་པ་དང་།  ཕྱི་ལོ་ ༡༩༩༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་གནང་སྟེ། མང་གཙོའི་ཀ་བ་གསུམ་གྱི་གཞུང་བཙུགས་ཡོད། མང་གཙོའི་ཀ་བ་གསུམ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས། འཛིན་སྐྱོང་བཀའ་ཤག་བཅས་གསུམ་ཡིན། ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ཀྱིས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱ་རྒྱུ་བཟོས་པ་མ་ཟད། ༧གོང་ས་མཆོག་གིས་ཆབ་སྲིད་དང་། འཛིན་སྐྱོང་གི་མཛད་འགན་ལས་ཕྱེད་རྒས་ཡོལ་གྱི་གསལ་བསྒྲགས་གནང་ཡོད། བཀའ་བློན་ཁྲི་པ་ནི་འཛིན་སྐྱོང་གི་འགོ་ཁྲིད་མཐོ་ཤོས་ཡིན་པ་དང་། སྲིད་བློན་ཚད་མཉམ་ཡིན། ཕྱི་ལོ་ ༢༠༡༡ ལོར་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་བསྒྱུར་བ་ཆེ་ཤོས་ཤིག་ཐེབས་ཤིང་།

སྐབས་དེར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་འགོ་འཁྲིད་ལ་རྩིས་སྤྲོད་གནང་ཡོད་པ་དང་། དེ་ཡང་༧གོང་ས་མཆོག་བཞུགས་མེད་པའི་སྐབས་སུའང་བོད་མི་ཚོས་མང་གཙོའི་ལམ་ལུགས་ཐོག་གདེང་ཚོད་ཡོད་པའི་ཐོག་ཤར་བསྐྱོད་བྱེད་ཐུབ་དགོས་པའི་ཆེད་དུ་ཡིན། དུས་དེ་ནས་བཟུང་སྲིད་སྐྱོང་གཙོས་པའི་འོས་འདེམས་བྱས་པའི་སྤྱི་འཐུས་རྣམ་པས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་གནང་བཞིན་ཡོད། ད་ལྟ་བཞུགས་སྒར་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་དབུས་འོས་བསྡུ་ལྷན་ཁང་དང་། ལས་བྱེད་འདེམས་བསྐོ་ལྷན་ཁང་། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་བཅས་རང་དབང་ཅན་གྱི་སྡེ་ཚན་གསུམ་ཡོད་པའི་ཐོག་འཛིན་སྐྱོང་ཚགས་ཚུད་གནང་བཞིན་ཡོད། ད་ལྟའི་ཆར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་ཆོལ་ཁ་གསུམ་ནས་སྤྱི་འཐུས་བཅུ་རེ་དང་དེའི་ནང་བུད་མེད་གཉིས་རེ་ངེས་པར་དུ་དགོས་པ། གཡུང་དྲུང་བོན་དང་བཅས་པའི་ཆོས་བརྒྱུད་ཆེན་པོ་བཞི་ནས་སྤྱི་འཐུས་གཉིས་རེ། ལྷོ་བྱང་ཨ་རི་ཁུལ་ནས་སྤྱི་འཐུས་གཉིས། ཡུ་རོབ་དང་། ཨ་ཕི་རི་ཀའི་ཁུལ་ནས་སྤྱི་འཐུས་གཉིས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སེ་ཀྲེ་ལེ་ཤི་ཡ་ནས་གཅིག་བཅས་ཁྱོན་སྤྱི་འཐུས་གྲངས་ ༤༥ ཡོད། འདས་པའི་ལོར་སྤྱི་འཐུས་ལྷན་ཚོགས་ནང་བུད་མེད་སྤྱི་འཐུས་ཟུར་བཅད་བཞག་པ་ལས་མང་བ་སླེབས་ཡོད་པ་དང་། ད་ལྟ་ནུས་སྟོབས་ལྡན་པའི་བུད་མེད་སྤྱི་འཐུས་ཁྱོན་ ༡༡ ཡོད།

བཙན་བྱོལ་སྤྱི་ཚོགས་ནང་ཡང་དག་པའི་མང་གཙོ་ལག་བསྟར་བྱེད་བཞིན་ཡོད་ནའང་། བོད་ནང་གི་གནས་སྟངས་སྔར་བཞིན་ཛ་དྲག་ངང་གནས་ཡོད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་གྲངས་ ༡༥༣ གྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེའ་ནང་ནས་མང་ཆེ་བ་བོད་རིགས་གཞོན་སྐྱེས་ཡིན་པ་དང་ཁོང་རྣམས་ནས་༧གོང་ས་མཆོག་མཇལ་མ་མྱོང་བ་ཤ་སྟག་ཡིན་ཡང་། ཁོང་རྣམས་ནས་༧གོང་ས་མཆོག་མཇལ་ཁ་ཐོབ་ཆེད་༸མགོན་པོ་གང་ཉིད་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་སྐད་འབོད་བརྒྱབ་ཀྱི་ཡོད། བོད་ནང་རྒྱ་ནག་གཞུང་གི་སྲིད་བྱུས་འོག འགྲོ་བ་མིའི་ཐོབ་ཐོང་བརྡལ་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ་དང་། ཁོར་ཡུག་ཉམས་རྒུད། རྒྱའི་སྐད་ཡིག་གཙོ་བོར་བྱས་པའི་ཤེས་ཡོན་སྲིད་བྱུས་ལག་བསྟར། རྒྱ་ནག་གཞུང་གིས་སྤྲུལ་སྐུ་དང་བླ་མའི་ཡང་སྲིད་དང་ལྷག་པར་དུ་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱས་དང་བྱེད་བཞིན་པ། ཆུ་རགས་རྒྱག་པ། ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གཙོ་བོར་འགྱུར་བའི་བླ་ཆེན་ཁག་བཙོན་འཇུག་བྱས་པ། བོད་ཀྱི་དགོན་སྡེ་བཤད་གྲྭ་ཆེ་ཁག་བླ་རུང་སྒར་དང་ཡ་ཆེན་སྒར་སོགས་གཏོར་སྐྱོན་བཏང་དང་གཏོང་བཞིན་པ། དེ་མིན་གདུག་རྩུབ་ཅན་གྱི་སྲིད་བྱུས་བརྗོད་དཀའ་བ་མང་པོ་ཡོད།

བོད་ནང་ཡོད་པའི་ང་ཚོའི་བོད་རིགས་སྤུན་ཟླ་ཚོས་རྒྱ་ནག་གཞུང་གི་གདུག་སྦྱོང་མནར་གཅོད་འོག་རྟག་ཏུ་འཐབ་རྩོད་གནང་བཞིན་ཡོད་པ་དང་། བཙན་བྱོལ་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་དུས་ནས་དུས་སུ་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་སེལ་དགོས་པའི་ཞུ་སྐུལ་གནང་འབྲས་སུ། ཕྱི་ལོ་ ༢༠༠༢ ནས་ད་བར་རྒྱ་ནག་གཞུང་དང་མཉམ་གྲོས་མོལ་ཐེངས་ ༩ གནང་ཐུབ་པ་བྱུང་ཡོད། ཡིན་ནའང་བོད་མིའི་སྒྲིག་འཛུགས་ངོས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ཡང་། ཕྱི་ལོ་ ༢༠༡༠ ལོ་སྟོད་ནས་རྒྱ་ནག་གཞུང་གིས་ཞི་བའི་གྲོས་མོལ་མུ་མཐུད་མཇུག་སྐྱོང་བྱ་རྒྱུའི་ཡ་ལན་རྩ་བ་ནས་གནང་མེད། ཕྱི་ལོ་ ༡༩༧༠ ལོ་ནས་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་ཡིན།

ད་ལོའི་ཕྱི་ཟླ་ ༥ ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། ལཊི་ཝི་ཡ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་པ་བཅས་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པ་བསྐོང་ཚོགས་གནང་ཐུབ་ཡོད་པ་དང་། སྐབས་དེར་འཛམ་གླིང་རྒྱལ་ཁབ་ཁག་འདྲ་མིན་ནས་ཕེབས་པའི་གྲོས་ཚོགས་འཐུས་མི་རྣམ་པས་བོད་རྒྱ་འབྲེལ་མོལ་གང་མགྱོགས་བསྐྱར་གསོ་དགོས་པ་དང་། སོ་སོའི་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་འཆར་གཏན་འབེབས་དགོས་པ། དེ་བཞིན་བོད་དོན་དང་འབྲེལ་བའི་ཐོག་གྲོས་ཆོད་གཏན་འབེབས་གནང་དགོས་པ་སོགས་ཁྱབ་བསྒྲགས་གནང་ཡོད། དེ་བཞིན་ཉེ་ཆར་ཕྱི་ཟླ་ ༡༠ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་ཐུན་མོང་ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གསུམ་པ་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཚོགས་བཅར་བ་ལྷན་འཛོམས་ཐོག་གྲོས་ཆོད་འདི་དག་བཞག་ཡོད། ” ༸རྒྱལ་བའིི་ཡང་སྲིད་ངོས་འཛིན་གནང་རྒྱུའི་འགན་དབང་ཆ་ཚང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་དང་། ༸གོང་ས་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་ཁོ་ནར་ཡོད་པ་ལས། གཞན་རྒྱལ་ཁབ་དང་། གཞུང་། སྒྲིག་འཛུགས། མི་སྒེར་བཅས་སུ་ལའང་མེད་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་བྱས་པ་སྤྱི་དང་ལྷག་པར་དུ་ཕྱི་ལོ་ ༢༠༠༧ ལོར་གཏན་ལ་ཕབ་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་བཙན་བཀའ་ཨང་ལྔ་པའི་ཁྲིམས་ཡིག་བརྒྱུད། ༸རྒྱལ་བའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཐད་ཇུས་ངན་བཏོན་དང་འདོན་བཞིན་པ་དེེར་དགག་པ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།” གཞན་ཡང་གྲོས་ཆོད་ནང་༸གོང་ས་མཆོག་ནི་བོད་འབངས་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་༸ཞབས་པད་བསྐལ་པ་བརྒྱ་ཕྲག་བར་བོད་མི་རྩམ་ཟན་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་མུ་མཐུད་བཞུགས་གནང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཞེས་འཁོད་ཡོད།

ངས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཁྱེད་རྣམས་ནས་བཙན་བྱོལ་ནང་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་སོ་སོའི་གྲོས་ཚོགས་འཐུས་མི་དང་། སོ་སོའི་གནས་ཡུལ་དང་། ས་གནས་གཞན་ལ་ཁྱབ་སྤེལ་དང་གོ་རྟོགས་སྤེལ་གནང་བ། ལོ་ངོ་ ༦༠ རྗེས་སུའང་བོད་ཀྱི་འཐབ་རྩོད་གསོན་པོར་གནས་ཐུབ་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་ཕྱག་ལས་གནང་བ། གཞན་ཡང་བསྔགས་འོས་སུ་འགྱུར་བའི་ལས་འགུལ་རིམ་པ་སྤེལ་བར་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

ཚོགས་པའི་འགན་འཛིན་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གཙོས་ཚོགས་མི་ཡོངས་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་དང་། འབྱུང་འགྱུར་ཁྱེད་རྣམ་པའི་ལས་དོན་ལམ་ལྷོངས་ལྡན་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།

Share with your friends










Submit