གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས།

༄༅། །འདི་གར་སྦེང་ལོར་ལྷོ་སྤྱི་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྦེང་ལོར་ལྷོ་སྤྱི་ལས་ཁུངས་སུ་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་གཙོ་སྐྱོང་འོག་ལྷོ་གཞིས་ཁག་ལྔའི་ས་གནས་འགོ་འཛིན་དང༌། མཉམ་འབྲེལ་ཚོགས་གཙོ་བཅས་ཚང་འཛོམས་གནང་ཐོག་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་ཞུས་པ་དང་འབྲེལ་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང༌། དེ་ནས་རིམ་བཞིན་གཤམ་གསལ་གྲོས་གཞི་ཁག་བཞི་ལ་གོ་བསྡུར་ལྷུག་པོ་ཞུས་ཏེ་ཐག་གཅོད་གྲོས་ཆོད་འཇོག་ཡོད།

གྲོས་གཞི།
༡། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིང་མིན་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༡༢ ཉིན་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་ཐུགས་གཏན་འཁེལ་བ་བཞིན། དེ་དོན་སྔར་ལམ་བཞིན་ས་གནས་སོ་སོ་ནས་ལས་དོན་ཁག་གོ་སྒྲིག་ཞུ་ཕྱོགས་ཐད་གོ་བསྡུར།
༢། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་ས་གནས་འགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཐེངས་ ༡༢ པ་བསྐྱངས་པའི་གྲོས་ཆོད་དོན་ཚན་ ༡ ནང་གསེས་ ༼ག༽ ཨང་གྲངས་ ༣། དུས་ཡུན་ལོ་གཉིས་རེའི་མཚམས་ཆོལ་གསུམ་བོད་མིའི་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཆེད་ཞབས་རིམ་གསོག་སྒྲུབ་རྒྱས་པ་ཞིག་བཞུགས་སྒར་རྡ་རམ་ས་ལའམ། ནང་པའི་གནས་ཆེན་ཁག་ཏུ་རེ་མོས་ཐོག་གོ་སྒྲིག་གནང་ཐུབ་ཚེ་སྤྱི་མཐུན་བསོད་ནམས་གསོག་རྒྱུར་དགེ་ཕན་ཆེ། བཅས་པ་ལྟར་ལྷོ་གཞིས་ཁག་ལྔ་ཐུན་མོང་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ནང་པའི་གནས་ཆེན་ཁག་ལ་ཞབས་རིམ་གསོག་སྒྲུབ་ཀྱིས་ལས་འཆར་སྐོར་གོ་བསྡུར།
༣། ལྷོ་ཕྱོགས་གཞིས་ཆགས་ནང་ཁྱིམ་ཚང་འགའ་རེ་ནས་རྒྱ་གར་ཡུལ་མི་ལ་ས་ཞིང་བོགས་གཡར་ཐོག་དེ་སྔོན་ས་གནས་སོ་སོ་ནས་ལག་བསྟར་བྱ་རྒྱུ་གྲོས་ཆོད་དང༌། ནང་སྲིད་ལས་ཁུངས་ནས་ཀྱང་རྩ་འཛིན་བཀོད་ཁྱབ་ལམ་སྟོན་ལྟར་ལས་དོན་འཐུས་ཚང་ཡོང་རྒྱུ་སྐོར་གོ་བསྡུར།
༤། ལྷོ་གཞིས་ཁག་ལྔ་སོ་སོའི་ནང་ཀར་ཎ་ཀྲ་ཀ་མངའ་གཞུང་དང་འབྲེལ་བའི་གལ་ཆེ་ལས་དོན་ཞུ་སྒོ་ཇི་ཡོད་སྐོར་གོ་བསྡུར་གནང་ཡོད་པ་བཅས། །
          

Share with your friends










Submit