གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༥ རེས་གཟའ་ཟླ་བ།

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན།  ཉེ་ཆར་རྒྱ་ནག་གཞུང་གིས་རྫ་དབོན་པོར་དགེ་འདུན་པ་ལྔ་འཛིན་བཟུང་བྱས་པ་དང་། དེ་རིང་བོད་མི་སྐྱ་བོ་གཉིས་ཀྱིས་བོད་རང་བཙན་ཡིན་པའི་སྐད་འབོད་བསྒྲགས་ཤིང་།  བོད་རང་བཙན། ཞེས་ཡི་གེ་བྲིས་པའི་ཡིག་ཆ་མང་པོ་ནམ་མཁར་གཏོར་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྟབས། ཉེན་རྟོག་པས་བོད་མི་དེ་དག་འཛིན་བཟུང་བྱས་འདུག 

 དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༡ ཉིན་གྱི་ཉིན་རྒྱབ་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་ ༢:༣༠ ཙམ་ལ་ཡང་བསྐྱར་དབོན་པོ་སྡེ་བའི་ཡུལ་མི་ཡོན་ཏན་ཟེར་བ་ཞིག་དང་ཆོས་རྒྱལ་ཟེར་བའི་མི་སྐྱ་གཞོན་སྐྱེས་གཉིས་ཀྱིས་དབོན་པོ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་བོད་རང་བཙན་གྱི་ཡིག་ཆ་གཏོར་ཞོར་དུ་བོད་རང་བཙན་དགོས་པའི་སྐད་འབོད་བྱས་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག 

ཁོང་གཉིས་འཛིན་བཟུང་མ་བྱས་པའི་སྔོན་ལ་བརྙན་ཐུང་གཉིས་བཟོས་ཡོད་པ་དང་། བརྙན་ཐུང་དེ་གཉིས་ཀྱི་ནང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་། སྣག་ཚ་དམར་པོ་དང་ནག་པོས་ “བོད་རང་བཙན”ཞེས་བྲིས་པའི་སྦྱར་ཡིག་དང་། ཁོང་གཉིས་ཀྱི་པར་བཅས་བསྒྲིགས་ནས་བཀྲམས་འདུག་པར་མ་ཟད།  ཁོང་གཉིས་ཀྱི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུའང་“རང་གི་ཁ་ཕྱོགས” ཞེས་པ་དང་། “སྐད་ཆ”ཞེས་པའི་ཁ་བྱང་ཅན་གྱི་རྩོམ་ཐུང་གཉིས་བྲིས་ནས་སྤེལ་ཡོད།

དེ་ཡང་ཡོན་ཏན་གྱི་སྐད་འཕྲིན་རྒྱབ་ལྗོངས་སུ།  “རང་གི་ཁ་ཕྱོགས། ང་ཚོའི་མི་རིགས་ཀྱི་བདེ་སྐྱིད་ཆེད་དུ་སྲོག་ཤོར་སོང་བའི་དཔའ་བོ་རྣམས་དང་། ང་ཚོའི་མི་རིགས་ཀྱི་ཆེད་དུ་རང་བཙན་གྱིས་རྩོད་ལེན་བྱེད་པས་ཕོ་རྒོད་རྣམ་པ། ཁྱེད་རྣམས་གསོད་གཅོད་དང་སྡུག་བསྔལ་གྱི་ཁྲོད་དུ་སོང་ཡོད་པ་ང་ཡིས་ཐོས། ད་ལྟ་ང་ཚོ་དབོན་པོ་ནས་རང་བཙན་རྩོད་ལེན་བྱེད་པའི་སྤུན་གྲོགས་རྣམས་པ་ཁྱེད་ཚོ་མུན་ནག་གི་བཙོན་དུ་བཙན་དབང་གིས་ཁྲིད་སོང་བར་ང་ལ་སྐྱོ་གདུང་ཧ་ཅང་ཆེ། མི་འགྱང་བར་ཐོན། སྤུན་ཟླ།” ཞེས་བཀོད་ཅིང་།

ཆོས་རྒྱལ་གྱི་སྐད་འཕྲིད་རྒྱབ་ལྗོངས་སུ། “སྐད་ཆ། སྡེབ་སྦྱོར་རྩོམ་ལ་མཁས་པའི་ཡོན་ཏན་ང་ལ་མེད། ། ལག་མཁས་བྲིས་ལ་མཁས་པའི་ཡིག་རྩལ་ང་ལ་མེད། ། འབྱོན་རྒྱ་ཤེས་རྒྱ་ཆེ་བའི་རིག་གནས་ང་ལ་མེད། །

མི་རིགས་ལ་རྒྱ་སོ་སོའི་ཕྲག་ཏུ་ཡོད། ནམ་ཡང་མི་དོར།”  ཞེས་བཀོད། ཆོས་རྒྱལ་ལགས་ནི་ཉེ་ཆར་ཕྱི་ཚེས་ ༡༨ འཛིན་བཟུང་བྱས་པའི་གྲྭ་ཉི་མེས་ཀྱི་ཕ་མ་གཅིག་པའི་སྤུན་ཆེ་བ་རེད་འདུག 

ད་ལྟ་རྫ་དབོན་ཡུལ་ཚོ་ལ་བརྙན་མིག་(CC camera) སོགས་བརྟག་ཆས་སྣ་ཚོགས་བཞག་པ་བརྒྱུད་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་འདུག 

Share with your friends










Submit