ཟླ་བ་ ༡༡ ཚེས ༦ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་བོད་མཐོ་སྒང་འདི་ས་གོ་ལའི་སྣེ་མོ་གསུམ་པ་ཡིན།  ཞེས་གྲགས་པ་ལྟར་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེའི་ནང་གི་དོན་ཆེར་བརྩིས་ནས་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་སྐུལ་གྱི་ལས་འགུལ་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གསུང་བཤད་གནང་དོན། འབྱུང་འགྱུར་ཕྱི་ཟླ་ ༡༢ ནང་སི་པན་གྱི་རྒྱལ་ས་ Madrid ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་ཡོངས་གྲགས་སུ་ COP25  ཞེས་པ་དེ་འཚོགས་རྒྱུ་རེད།  ལྷན་ཚོགས་སུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་གཞུང་འབྲེལ་ཐོག་ནས་བཅར་རྒྱུའི་བཀའ་ཁྲོལ་ཐོབ་པ་ལྟར་མཉམ་ཞུགས་གནང་རྒྱུ་དང་། སྐབས་དེར་བོད་འདི་ས་གོ་ལའི་སྣེ་མོ་གསུམ་པ་ཡིན།  ཞེས་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་དོན་ཚན་ལྔ་ཡོད། དེ་བརྒྱུད་བོད་མཐོ་སྒང་གི་ཁོར་ཡུག་ནི་འཛམ་གླིང་སྤྱི་ཡོངས་ལ་གལ་གནད་ཆེན་པོ་ཇི་འདྲ་ཡིན་པ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཚ་དྲོད་ཧ་ཅང་རྒྱས་བཞིན་པ་དེས་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་ལྟར་འཕྲད་བཞིན་ཡོད་པའི་སྐོར་དང་། དེ་བཞིན་བོད་ལ་འཛམ་གླིང་ཡང་ཐོག ཅེས་གྲགས་ཤིང་ཁོར་ཡུག་ཐོག་ནས་བོད་མཐོ་སྒང་ནི་ཧ་ཅང་གནད་འགག་ཆེན་པོ་ཞིག་དང་གོ་ལ་སྤྱིའི་ཁོར་ཡུག་གི་གནས་སྟངས་ཐོག་ལའང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད།  བོད་མཐོ་སྒང་གི་འཁྱགས་རོམ་དེ་དག་ལ་བརྟེན།  བོད་ནས་འབབ་པའི་གཙང་ཆུ་ཆེ་ཁག་མང་པོ་ཞིག་ཨེ་ཤི་ཡའི་རྒྱལ་ཁབ་མང་པོའི་ནང་གི་མི་འབོར་ཐེར་འབུམ་ཙམ་གྱི་འཚོ་བའི་རྟེན་གཞིར་གྱུར།  དེར་བརྟེན་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པའི་ཐད་ཉམས་ཞིབ་ཤུགས་ཆེ་བྱེད་དགོས་པའི་འབོད་སྐུལ་གནང་རྒྱུ་ཡིན་སྐོར་གསུངས།

དེ་རྗེས་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཁོར་ཡུག་དང་འབྲེལ་བའི་ཟླ་བ་གཅིག་གི་ལས་འཆར་ཁག་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༣ ཉིན་བོད་ཀྱི་བརྙན་འཕྲིན་དང་ལྷན་བོད་མཐོ་སྒང་གི་ཁོར་ཡུག་ཐོག་སྒྲ་བརྙན་གླེང་སྟེགས་བྱ་རྒྱུ་དང་། དེ་བཞིན་ཕྱི་ཚེས་ ༡༧ ཉིན་བོད་ཀྱི་ཁོར་ཡུག་ཆེད་རྒྱང་རྒྱུག་གོ་སྒྲིག་དང་། ཕྱི་ཚེས ༢༠ ཉིན་བོད་མཐོ་སྒང་གི་ད་ལྟའི་ཁོར་ཡུག་གནས་སྟངས་སྐོར་འགྲེམས་སྟོན་གོ་སྒྲིག་ཞུ་རྒྱུ། འབྱུང་འགྱུར་ཕྱི་ཟླ་ ༡༢ ནང་སི་པན་གྱི་རྒྱལ་ས་ Madrid ནང་ཁོར་ཡུག་སྲུང་སྐྱོབ་ལྷན་ཚོགས་སུ་ COP25  མཉམ་ཞུགས་དང་། གོང་གི་གནད་དོན་ཐད་ཟུར་དུ་བགྲེ་གླེང་ལྷན་ཚོགས་གཉིས་བསྐོང་ཚོགས་གནང་རྒྱུ་ཡིན། ཞེས་གསུངས།

 

རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ལྷན་ཚོགས་ COP25 ཐོག་འགྲེམས་སྤེལ་ཞུ་རྒྱུའི་འབོད་སྐུལ་དོན་ཚན་ལྔ་ནི། 

༡ ༽   བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས།

མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (UNFCCC) ཀྱི་བོད་མཐོ་སྒང་འདི་རྒྱལ་སྤྱིའི་ཁོར་ཡུག་གི་གནད་དོན་ཐད་གལ་གནད་ཆེན་པོ་ཡིན་པ་ངོས་འཛིན་དགོས་པ་མ་ཟད། བོད་འདི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་ཁག་གི་བརྗོད་གཞི་གཙོ་བོར་འཇོག་དགོས། བོད་འདི་སའི་གོ་ལའི་སྟེང་གི་ཆེས་མཐོ་ཤོས་དང་གཞི་རྒྱ་ཆེ་ཤོས་ཀྱི་ས་ཆ་དེ་ཡིན་པ་མ་ཟད། སྲིད་པའི་གངས་རི་མང་ཤོས་གསུམ་པ་དང་། འཐུང་ཆུའི་འབྱུང་ཁུངས་ཆེ་ཤོས། ཨེ་ཤེ་ཡའི་གཙང་པོ་ཆེ་ཤོས་དྲུག་གི་འབྱུང་ཁུངས། དེ་བཞིན་རྒྱ་གར་དང་ཤར་ཨེ་ཤེ་ཡའི་ནམ་ཟླའི་ཤུགས་ཚད་དང་འཕེལ་འགྲིབ་ལའང་ཤུགས་རྐྱེན་སྤྲོད་མཁན་གྱི་ས་མཐོའི་ཡུལ་ལྗོངས་ཤིག་ཡིན། བོད་ཀྱི་ཆུ་བོ་ཁག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་གྲས་ཀྱི་རྒྱལ་ཁབ་བཅུའི་མི་གྲངས་ཐེར་འབུམ ༡་༥ ལྷག་གི་ཉིན་རེའི་འཚོ་བའི་གཞི་རྟེན་ཡང་ཆགས་ཡོད། དེར་བརྟེན་བོད་མཐོ་སྒང་ལ་འཛམ་གླིང་གི་ཡང་ཐོག་དང་། གོ་ལའི་སྣེ་མོ་གསུམ་པ། ཨེ་ཤེ་ཡའི་ཆུའི་བང་མཛོད། ཆར་དུས་ཀྱི་རྗེ་བོ་བཅས་འབོད་ཀྱིན་ཡོད་པ་ལྟར། བོད་ཀྱི་ཁོར་ཡུག་གི་གནས་བབ་ལ་མ་དཔྱད་པར་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཆ་ཚང་བའམ་དཔྱིས་ཕྱིན་པ་ཞིག་ཤེས་ཐབས་བྲལ།

༢ ༽   བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ལ་ཉམས་ཞིབ་ཤུགས་ཆེ་རུ་གཏོང་དགོས།

མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ (UNFCCC) ངོས་ནས་བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་བྱུང་དང་། དེ་བཞིན་བོད་མཐོ་སྒང་གིས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་མྱུར་ཚད་དང་ཁྱབ་ཚད་ལ་ཤུགས་རྐྱེན་ཇི་ཙམ་ཐེབས་མིན་ཐོག་ངེས་པར་དུ་ཚན་རིག་དང་མཐུན་པའི་ཉམས་ཞིབ་འགོ་འཛུགས་གནང་དགོས། བོད་མཐོ་སྒང་ལ་གནམ་གཤིས་ཚ་དྲོད་འཕར་ཚད་སྤྱི་ཡོངས་ཀྱི་ཆ་སྙོམ་ལས་ལྡབ་གཉིས་ཤུགས་ཆེ་བ་ཡོད་སྟབས། བོད་ཀྱི་གངས་རི་མྱུར་མོར་བྲི་བ་དང་། གཏན་འཇགས་འཁྱག་རིམ་ཉམས་རྒུད་ཆེན་པོ་སོང་བ། རྩྭ་ཐང་གཞི་རྒྱ་ཆེན་པོ་བྱེ་ཐང་དུ་འགྱུར་བ་སོགས་ཀྱིས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།

གལ་སྲིད་རྒྱ་ནག་གཞུང་གི་བོད་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཉུང་དུ་གཏོང་ཐབས་དང་། གོམས་འདྲིས་བྱེད་ཐབས། དེ་བཞིན་རང་བྱུང་གོད་ཆག་ནམ་བྱུང་སྐབས་ངལ་སེལ་ལས་དོན་ཁག་ཚགས་ཚུད་བཀོད་སྒྲིག་སོགས་ཀྱི་གོ་རྟོགས་སྔ་ས་ནས་བོད་ཀྱི་ས་ཁུལ་ཁག་གི་གཞུང་དམངས་གཉིས་ཀར་སྤེལ་ཡོད་ཚེ། ཕྱི་ལོ་ ༢༠༡༦ ནས་བཟུང་བོད་ཀྱི་ས་ཁུལ་མང་པོ་ཞིག་ལ་ཆུ་ལོག་དང་ས་ཉིལ་གྱི་གོད་ཆག་ཇེ་མང་དུ་སོང་བའི་ཤུགས་རྐྱེན་ཉུང་དུ་གཏོང་ཐུབ་ཡོད་པར་ཐེ་ཚོམ་མེད། དཔེར་ན། ཕྱི་ལོ་ ༢༠༡༨ ལོའི་བོད་ཤར་ཕྱོགས་ཁམས་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོར་ས་ཉིལ་ཆེན་པོ་བྱུང་སྟེ་འབྲི་ཆུ་ཉིན་བཅུ་གཅིག་རིང་འགག་ནས་རྒྱ་བོད་ས་ཁུལ་མང་པོ་ཞིག་ལ་དངངས་འཚབ་དང་དཀའ་ངལ་ཆེན་པོ་བཟོས་ཡོད།  དེར་བརྟེན་བོད་མཐོ་སྒང་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ཚན་རིག་དང་མཐུན་པའི་ཉམས་ཞིབ་ཞིག་བྱེད་ཐུབ་ན། བོད་མི་དང་། རྒྱ་ནག་གཞུང་། རྒྱལ་སྤྱིའི་མང་ཚོགས་བཅས་ལ་བོད་མཐོ་སྒང་གི་ཁོར་ཡུག་ཉམས་རྒུད་དུ་འགྲོ་བཞིན་པ་འགོག་ཐབས་དང་།གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཇེ་ཉུང་དུ་གཏོང་ཐབས། དེ་བཞིན་བོད་མཐོ་སྒང་ལ་གནམ་གཤིས་ཀྱི་གནས་བབ་གསར་པ་ཞིག་འབྱུང་བཞིན་པར་གོམས་འདྲིས་བྱ་ཐབས་བཅས་ཀྱི་ཕན་རླབས་ཤིན་ཏུ་ཆེ།

༣ ༽  བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་བཀུར་ཞུ་དགོས།

བོད་ཀྱི་འབྲོག་པ་རྣམས་ནི་ཐབས་ཇུས་ལ་མཁས་པའི་རྩྭ་ཐང་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གི་གནམ་གཤིས་འགྱུར་ལྡོག་ལ་གོམས་འདྲིས་དང་དེའི་ཤུགས་རྐྱེན་ཆུང་དུ་གཏོང་ཐབས་ཀྱི་སྲིད་ཇུས་གང་ཞིག་གཏན་འབེབས་བྱེད་སྐབས་འབྲོག་པའི་ཤེས་ཡོན་དང་ཉམས་མྱོང་ལས་བློ་སྐྱེད་ངེས་པར་དུ་ལེན་དགོས། བོད་ཀྱི་འབྲོག་པ་རྣམས་རྒྱ་གཞུང་གི་བཙན་དབང་འོག་གནས་སྤོས་བྱས་བཅུག་པའི་རྐྱེན་གྱིས་འབྲོག་པའི་རང་ཁ་རང་གསོའི་འཚོ་ཐབས་བཟང་པོ་དེར་དོ་ཕོག་ཆེན་པོ་བྱུང་ཡོད། དེར་བརྟེན་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་སྤུས་ཚད་ཞན་ཅིང་། ནོར་འཁྲུལ་ཅན་གྱི་འབྲོག་པ་གནས་སྤོས་ཀྱི་སྲིད་བྱུས་ལ་འཕྲལ་མར་ལེགས་བཅོས་བྱེད་དགོས་ལ། དེ་བཞིན་གནས་སྤོས་ཟིན་པའི་འབྲོག་པ་ཚོར་ལས་ཀ་དང་། སློབ་སྦྱོང་། འཕྲོད་བསྟེན།  ཚོང་ལས་སོགས་ཀྱི་གོ་སྐབས་སྤྲད་ནས་བོད་མི་དེ་དག་གི་ཆེ་མཐོང་སླར་གསོ་བྱེད་དགོས།

བོད་ཀྱི་ས་ཁུལ་ཁག་ལ་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་དང་གླིང་ག་སོགས་གསར་འཛུགས་ཆེད་སྲིད་ཇུས་གང་ཞིག་གཏན་འབེབས་བྱེད་སྐབས་སུ་བོད་མིའི་རིག་གཞུང་དང་བསམ་བློ། སྲོལ་རྒྱུན་རིག་གནས་བཅས་ལ་ངེས་པར་དུ་བསམ་ཞིབ་བྱེད་དགོས་ལ་ས་ཁུལ་དེ་དག་ལ་གནས་པའི་བོད་མི་ཚོའི་གནས་བབ་ལ་མཐོང་ཆུང་རྩ་བ་ནས་བྱེད་མི་རུང་། བོད་མི་ཚོའི་བསམ་ཚུལ་དང་དགོས་མཁོ་ཁག་ངོས་ལེན་དང་བརྩི་བཀུར་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེ།

༤ ༽  གྲོང་ཁྱེར་འཛུགས་སྐྲུན་དང་ཡུལ་སྐོར་སྤྲོ་འཆམ་ལ་སྟངས་འཛིན་ནན་པོ་བྱེད་དགོས།

ཉེ་བའི་ལོ་ཤས་ནས་བོད་ལ་གྲོང་ཁྱེར་དང་གྲོང་རྡལ་ཁག་རྒྱ་བསྐྱེད་མྱུར་པོར་བྱེད་བཞིན་པའི་དབང་གིས་ཁོར་ཡུག་ལ་དོ་ཕོག་དང་ཉེན་ཁ་ཆེན་པོ་བཟོས་ཡོད། རྒྱ་ནག་གཞུང་གི་འདས་པའི་ལོ་རྒྱུས་ཁྲོད་གྲོང་ཁྱེར་འཛུགས་སྐྲུན་གྱི་སྲིད་བྱུས་ཐལ་དྲགས་པ་དེ་དག་བོད་ནང་ལ་བསྐྱར་ཟློས་བྱེད་མི་རུང་། ཉེ་བའི་ལོ་ཤས་ནང་བོད་ཀྱི་ས་ཁུལ་ཁག་ལ་ཆུ་ལོག་དང་ས་ཉིལ་གྱི་གོད་ཆགས་རིགས་ཇེ་མང་དུ་འགྲོ་བཞིན་པའི་རྒྱུ་རྐྱེན་གཅིག་ནི་བོད་ཁུལ་ལ་འཛུགས་སྐྲུན་གྱི་བྱ་བ་མང་དྲགས་པས་ཡིན། དེར་བརྟེན་རྒྱ་གཞུང་གི་འཛུགས་སྐྲུན་གྱི་ལས་གཞི་ཆེན་པོ་གང་ཞིག་བོད་ཁུལ་དུ་སྤེལ་ན། ས་གནས་བོད་མི་ཚོར་ངེས་པ་དུ་ཐག་གཅོད་དང་གྲོས་བསྡུར་བྱེད་རྒྱུའི་ཐོབ་ཐང་སྤྲོད་དགོས་ལ། ཁོར་ཡུག་དང་མཐུན་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལམ་སྟོན་སྲིད་ཇུས་གསལ་པོ་ཞིག་གཏན་འབེབས་བྱས་ནས་གཞུང་འཛིན་རིམ་པ་ཚང་མས་ངེས་པར་དུ་ལག་བསྟར་ནན་པོ་བྱེད་དགོས། དེ་མཚུངས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཡུལ་སྐོར་སྤྲོ་འཆམ་པ་རྣམས་སྟངས་འཛིན་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་པོ་ཞིག་ཀྱང་དགོས།

༥ ༽  བོད་འདི་སའི་གོ་ལའི་སྣེ་མོ་གསུམ་པ་ཡིན་ཞེས་པའི་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཁོར་ཡུག་ལས་འགུལ་ཆེན་པོ་ཞིག་སྤེལ་དགོས་གལ་ཆེ།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་གཤིས་འགྱུར་ལྡོག་ནི་རྒྱལ་ཁབ་བྱེ་བྲག་པ་རེ་ཟུང་གི་གནད་དོན་ཙམ་ཞིག་མིན་པར་གོ་ལ་སྤྱིའི་སྐྱེ་འགྲོ་ཡོངས་དང་ཐད་ཀར་འབྲེལ་བའི་དཀའ་ངལ་ཞིག་ཡིན་སྐོར་བཀའ་སློབ་ཕེབས་པ་ལྟར། བོད་མི་ཚོ་དང་རྒྱ་ནག་གཞུང་། རྒྱལ་སྤྱིའི་མང་ཚོགས་བཅས་གྱིས་མཉམ་རུབ་འོག་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐུབ་པ་ཞིག་རེད་ལ་བྱེད་འོས་པ་ཞིག་ཀྱང་ཡིན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཙམ་གྱི་ཆེད་དུ་མིན་པར་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་གི་བདེ་དོན་དང་ཡུན་གནས་ཐུབ་ཆེད་དུ་ཡིན་པ་བསྙོན་དུ་མེད། བོད་མཐོ་སྒང་འདི་སའི་གོ་ལའི་ལྷོ་བྱང་གི་སྣེ་མོ་གཉིས་ཕུད་གངས་རི་མང་ཤོས་ཀྱི་ས་ཁུལ་དེ་ཆགས་ཡོད།

དེར་བརྟེན་རྒྱལ་སྤྱིའི་བོད་ཀྱི་ཁོར་ཡུག་ལས་འགུལ་ཆེན་མོ་འདི་འཛམ་གླིངགང་སར་གནས་པའི་གཞུང་དམངས་གཉིས་ཀས་མ་སྐུལ་དང་བླངས་ཀྱིས་ཡུལ་ལུང་སོ་སོ་ར་སྤེལ་ཏེ། བོད་འདི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་གནད་དོན་གཙོ་བོ་ཞིག་ལ་ངོས་འཛིན་གནང་ཐུབ་པ་བརྩོན་དགོས། ཞེས་འཁོད་འདུག

དེ་ཡང་ཐེངས་འདིའི་གསར་འགོད་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི། ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢ ནས་ ༡༣ བར་ཉིན་གྲངས་ ༡༢ རིང་སི་པན་གྱི་རྒྱལ་ས་ Madrid ནང་འཛམ་གླིང་རྒྱལ་ཁབ་འདྲ་མིན་ཁག་ ༡༩༤ དབུ་ཁྲིད་དང་སྐུ་ཚབ་སོགས་ཁྱོན་གནད་ཡོད་མི་སྣ་ ༤༠༠༠༠ ལྷག་ལྷན་འཛོམས་ཐོག འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས་ཆེ་ཤོས་ཡོངས་གྲགས་སུ་ COP25  ཞེས་པ་དེ་འཚོགས་རྒྱུ་ཡིན་པ་དང་། སྐབས་དེར་གོ་ལའི་གནམ་གཤིས་འགྱུར་ལྡོག་མྱུར་བར་བརྟེན་བོད་མཐོ་སྒང་གི་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཇི་ལྟར་འཕྲད་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཉམས་ཞིབ་ཤུགས་ཆེ་རུ་བྱེད་དགོས་པའི་འབད་བརྩོན་གནང་རྒྱུ་ཡིན་འདུག་པ་མ་ཟད། གོ་སྐབས་དམ་འཛིན་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་གོ་ལའི་ལྷན་ཚོགས་སྐབས་འཛམ་གླིང་ཡངས་ཐོག་ཏུ་གྲགས་པ་དང་། སའི་གོ་ལའི་སྣེ་མོ་གསུམ་པ། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་དགོས་པའི་ཞུ་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་རྒྱུ་ཡིན་འདུག་པ་བཅས། །

Share with your friends










Submit