ཟླ་བ་ ༡༡ ཚེས ༡༥ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།

༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝར་ཉིན་གྲངས་གཉིས་རིང་གི་བོད་དོན་བཞུགས་མོལ་གླེང་སྟེགས་དབུ་འཛུགས་གནང་འདུག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀར་ལོ་སོམ་མ་རུ་ག་མཆོག་ Mr. Carlo Sommaruga ཡིན་འདུག མཛད་སྒོ་ངོ་སྤྲོད་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྷན་ཚོགས་ཐོག་སྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་ཞུས་འདུག

དེ་ཡང་གསུང་འཕྲིན་ནང་དུ་གལ་ཏེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་གཅིག་གི་ངོ་བོར་སྣེ་ཁྲིད་བྱ་རྒྱུའི་འདུན་པ་ཡོད་ཚེ་དེར་གཞིགས་པའི་བཟང་སྤྱོད་ཀྱི་ལས་འགན་ཞིག་ཡོད་པ་དེའང་ངེས་པར་དུ་བསྒྲུབ་དགོས། དེར་བརྟེན་རྒྱ་ནག་གཞུང་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་ལ་ངེས་པར་བརྩི་བཀུར་ཞུ་དགོས། ཞེས་བཀའ་སྩལ་འདུག 

དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འབྱེད་གསུང་བཤད་སྐབས། དེང་སྐབས་རྒྱ་ནག་གཞུང་གིས་འཕྲུལ་ཆས་གསར་པ་བཀོལ་སྤྱོད་བྱས་པ་བརྒྱུད་བོད་མི་དང་ཡུ་གུར་མི་རིགས། ལྷོ་སོག་མི་རིགས་རྣམས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་།  ལྷག་པར་འཕྲུལ་ཆས་གསར་པ་དེ་དག་བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་ཆེད་བཀོལ་སྤྱོད་ཇི་ལྟར་བྱེད་བཞིན་པ་གསལ་འདོན་གནང་དོན་ལ། རྒྱ་ནག་གཞུང་གིས་ལྷ་སའི་ཇོ་ཁང་ནང་བོད་མི་མཆོད་མཇལ་དུ་ཡོང་མཁན་ཚོར་དུས་རྟག་ཏུ་པར་ཆས་གང་སར་བཙུགས་ནས་སོ་ལྟ་བྱས་པ་དང་། དགོན་པའི་གཡས་གཡོན་གང་སར་གོ་མཚོན་ཐོགས་པའི་དམག་མི་འགྲེམས་འཇོག་བྱས་པ་སོགས་ཐ་ན་ཇོ་ཁང་ནང་གི་མཆོད་མེའི་གྲངས་འབོར་ལས་རྒྱ་མིའི་མེ་མདའ་མང་བ་བཙུགས་ཡོད་པ་གསུངས། 

གཞན་ཡང་ཁོང་གིས་དེང་སྐབས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་བྱ་ཡུལ་བསྟི་གནས་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་ནང་གཏོར་བཤིག་བཏང་དང་གཏོང་བཞིན་པའི་བྱེད་བབ་དེ་དག་ནི་དེ་སྔ་ཕྱི་ལོ་ ༡༩༥༦ ལོར་བོད་མདོ་ཁམས་ལི་ཐང་དགོན་པ་ཐོག་མར་གཏོར་བཤིག་བཏང་བའི་ལས་འགུལ་གྱི་བརྒྱུད་རིམ་མུག་སྐྱོང་བྱས་པ་ཞིག་ཆགས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་སུན་གཙེར་བཟོ་རྒྱུ་དང་ཐེ་བྱུས་བྱ་རྒྱུ་དེ་དག་མཚམས་འཇོག་དགོས་པ་དང་།

ལྷག་པར་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་བཀའ་ཁྱབ་ཨང་ ༥ ཟེར་བ་བསྒྲགས་ནས་བོད་མིའི་ཆོས་དད་རང་དབང་ལ་དམ་སྒྲགས་ཤུགས་ཆེ་བྱས་པ་དང་། བཀའ་ཁྱབ་དེའི་འོག་བོད་མིའི་སྤྲུལ་སྐུའི་ཡང་སྲིད་ཀྱི་འོས་མི་སུ་འདྲ་ཞིག་ཡིན་རུང་སྤྲུལ་སྐུར་ངོས་འཛིན་ཞུ་བར་ཐོག་མར་རྒྱ་ནག་གཞུང་ནས་ཆོག་མཆན་བཀའ་འཁྲོལ་ཞུ་དགོས་པ་ཁྲིམས་སུ་བཅའ་བ་ནི་མཐའ་གཅིག་ཏུ་མི་འོས་པ་དང་མི་འཚམས་པ་ཞིག་ཡིན་པ་མ་ཟད། དེ་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་ཐུན་མིན་སྲོལ་རྒྱུན་ལམ་ལུགས་ལ་ཐེ་བྱུས་བྱ་རྒྱུར་རྒྱ་ནག་གཞུང་ལ་ཁྲིམས་མཐུན་གྱི་བདག་ཐོབ་ཞིག་ལོ་རྒྱུས་ཐོག་གཏན་ནས་མེད།  བླ་སྤྲུལ་དེ་དག་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལམ་སྲོལ་གཞི་རྩར་བཞག་ནས་ཡང་སྲིད་ངོས་འཛིན་ཞུ་རྒྱུ་དང་། ལྷག་པར་༸རྒྱལ་བའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་གནད་དོན་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་༸སྐུ་ཉིད་ལ་སྐུ་དབང་ཡོད་པ་ལས་རྒྱ་ནག་གཞུང་ལ་བདག་ཐོབ་རྩ་བ་ནས་མེད་སྐོར་གསུངས། 

 

དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀར་ལོ་སོམ་མ་རུ་ག་ Mr. Carlo Sommaruga མཆོག

དེ་ནས་དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀར་ལོ་སོམ་མ་རུ་ག་ Mr. Carlo Sommaruga མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་དབང་སྒྱུར་བྱས་རྐྱེན་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པའི་བོད་མི་རྣམས་བཙན་བྱོལ་དུ་༸ཞབས་སོར་བཀོད་གནང་མཛད་དགོས་བྱུང་བ་དང་། སྤྱིར་འཕྲུལ་ཆས་ལ་བརྟེན་ནས་སོ་ལྟ་བྱ་རྒྱུ་དེ་མང་གཙོའི་རྒྱལ་ཁབ་གཞན་ཁག་ཏུ་ལག་བསྟར་བྱེད་སྲོལ་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་སྒེར་ལ་ཆེད་མངགས་སོ་ཉུལ་བྱེད་སྟངས་དེ་དག་ཧང་སང་དགོས་རེད་འདུག ལྷག་པར་རྒྱ་ནག་ནང་ལ་སྒེར་གྱི་རང་དབང་ལ་བརྩི་མེད་རྡོག་རོལ་བཏང་ནས་སོ་ལྟ་བྱེད་བཞིན་པ་དེ་ད་ཆ་སྔར་བས་ཤུགས་ཆེར་འགྲོ་བཞིན་ཡོད་པ་དང་། དེ་ནི་གཙོ་བོ་རྒྱ་ནག་ནང་མི་སྒེར་གྱི་རང་དབང་སྲུང་སྐྱོབ་བྱེད་མཁན་ཁྲིམས་ཀྱི་ཆ་རྐྱེན་མེད་པ་ཡིན་སྐོར་གསུངས།

རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས། དེ་བཞིན་ལྷོ་སོག་མི་རིགས་བཅས་ལ་དམ་བསྒྲགས་བྱེད་བཞིན་པར་ཁོང་དང་ཁོང་གི་ཕྱག་སྦྲེལ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གོ་སྐབས་ནམ་བྱུང་ལ་གདོང་ལེན་ངེས་པར་གནང་རྒྱུ་ཡིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སུད་སི་སྲིད་གཞུང་ནས་འགན་ཁུར་ལྡན་པའི་སྐྱོན་བརྗོད་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུའི་ཁས་ལེན་ཡང་གནང་འདུག 

ཐེངས་འདིའི་གླེང་སྟེགས་ཀྱི་བརྗོད་གཞི་ནི། ༼ རིག་གསར་འཕྲུལ་ཆས་འོག་དམ་བསྒྲགས་དང་ཆོས་དད་རང་དབང་། ༽ ཞེས་པ་ཡིན་འདུག རིག་གསར་འཕྲུལ་ཆས་ལ་བརྟེན་ནས་དམ་བསྒྲགས་བྱེད་ཚུལ་ནི། མིའི་གདོང་པར་པར་ལེན་བྱས་མ་ཐག་རྒྱབ་ལྗོངས་ལོ་རྒྱུས་དང་གནས་སྟངས་སོགས་ཀམ་པུ་ཊར་ནང་གསལ་ཐུབ་པ་དང་།  རྫུབ་རིས་པར་ལེན་འཕྲུལ་ཆས་ལ་བརྟེན་ནས་མི་ངོ་ར་འཕྲོད་ཐུབ་པ།  ནམ་མཁར་བྱིའུ་གཟུགས་སུ་འཕྲུལ་པར་བཏང་ནས་པར་ལེན་བྱས་པ་སོགས་འགྲོ་ན་མི་སྒེར་གྱི་འགྲོ་འདུག་སྤྱོད་གསུམ་ལ་དུས་རྟག་ཏུ་སོ་ཉུལ་བྱེད་པའི་བྱེད་བབ་དེས་བོད་མིར་མཚོན་ན། འཛམ་གླིང་ནང་རང་དབང་ཆེས་ཉུང་ཤོས་ཡོད་པའི་ས་ཁུལ་ཨང་གཉིས་པ་ཆགས་ཡོད། ཕྱོགས་མཚུངས་ཡུ་གུར་མི་རིགས་ལ་མཚོན་ན་ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ཟེར་བར་སྙད་ནས་ཡུ་གུར་ཁ་ཆེའི་མི་རིགས་ས་ཡ་གཅིག་ཙམ་དོ་དམ་བཀག་ཉར་བྱེད་བཞིན་ཡོད།

ལྷན་ཚོགས་སྐབས་རྒྱ་ནག་གི་བཙོན་ཁང་དུ་དུས་ཡུན་རིང་ཤོས་བཙོན་འཇུག་གི་ཁྲིམས་ཆད་ཕོག་མཁན་བོད་པའི་བུད་མེད་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་བཙོན་ཁང་ནང་དཀའ་སྡུག་ཇི་ཙམ་མྱངས་པའི་ལོ་རྒྱུས་ཀྱི་དཔང་རྟགས་ར་སྤྲོད་གནང་འདུག ལྷན་ཚོགས་སྐབས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཆེད་ལས་མི་སྣ་དང་། ཤེས་ཡོན་པ། ལས་འགུལ་བ། གཞུང་འབྲེལ་མི་སྣ། རིག་པའི་བང་མཛོད་ཀྱི་སློབ་སྟོན་པ་སོགས་ཡོད་འདུག

Share with your friends










Submit