ཟླ་བ་ ༡༡ ཚེས ༡༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ། 

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ནས་ ༢༠ བར་ཉིན་ལྔའི་རིང་སེར་བྱེས་ཡིད་དགའ་ཆོས་གླིང་དུ་ལྷོ་ཕྱོགས་ཁུལ་གྱི་སློབ་གྲྭ་ཁག་དང་། སེ་ར་བྱེས་སྨད་ཀྱི་ལྟ་གྲུབ་དགེ་རྒན་དང་། ཚན་རིག་དགེ་རྒན་རྣམས་ལ་རིགས་ལམ་བརྒྱུད་ནས་ཚན་རིག་ཁྲིད་ཐབས་ཀྱི་ཟབ་སྦྱོང་ཞིག་སྐོང་ཚོགས་གནང་བཞིན་ཡོད།

དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་སེར་བྱེས་ཚན་རིག་ཁང་གི་འགན་འཛིན་ཟུར་པ་དང་དེང་རབས་ཤེས་ཡོན་འགན་འཛིན་དགེ་བཤེས་ངག་དབང་ནོར་བུ་མཆོག་དང་། ཟབ་སྦྱོང་སློབ་ཁྲིད་གནང་མཁན་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས། དྷ་སྟེང་བོད་ཁྱིམ་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། སློབ་གྲྭ་ཁག་གི་ལྟ་གྲུབ་དང་ཚན་རིག་དགེ་རྒན། ཤེས་རིག་གི་འབྲེལ་ཡོད་ལས་བྱེད་བཅས་ལྷན་འཛོམས་ཐོག ཤེས་ལྷན་བོད་ཡིག་ཚན་པའི་འགན་འཛིན་དགེ་འདུན་དོན་ཡོད་ལགས་ཀྱིས་ཚོགས་ཞུགས་པ་ཚང་མར་འཚམས་འདྲི་དང་བཅས་ཐེངས་འདིའི་ཟབ་སྦྱོང་གི་དགོས་འདུན་སོགས་ངོ་སྤྲོད་གནང་བ་དང་། དེ་རྗེས་ཟབ་སྦྱོང་བ་རྣམས་ཀྱིས་རིམ་བཞིན་རང་ཉིད་ངོ་སྤྲོད་གནང་ཡོད།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ན་དགེ་མཚན་ཅི་ཡོད་ཚན་རིག་པས་བརྟག་དཔྱད་བྱས་པའི་གྲུབ་དོན་རྩོམ་ཤོག་དང་འབྲེལ་ཏེ་ངོ་སྤྲོད་ཟབ་རྒྱས་གནང་བ་དང་། ༸གོང་ས་མཆོག་གི་དགོངས་གཞི་ལ་ནང་པ་སངས་རྒྱས་པའི་ཆོས་ལ་སྡེ་ཚན་གསུམ་དུ་ཕྱེས་ནས། ཚན་རིག་དང་ལྟ་གྲུབ་ཀྱིས་འཛམ་གླིང་གི་ཤེས་ཡོན་ལ་ཞབས་འདེགས་ཞུ་ཐུབ་སྐོར་གསུངས་པ་ལྟར། དེའི་ལས་འགན་ང་ཚོ་བོད་རིགས་ཡོངས་ལ་འཁྲི་ཡོད་པ་དང་། དེ་ཡོང་བ་ལ་མ་འོངས་པའི་སོན་རྩ་སློབ་གྲྭ་ནས་གསོ་སྐྱོང་བྱེད་དགོས་སྟབས། རྒན་ལགས་རྣམ་པས་ཤུགས་བསྐྱོན་དགོས་པ་དང་། ༸གོང་ས་མཆོག་གིས་ཞལ་གསུང་དྲོན་མོ་ནས་བོད་རིགས་ཡོད་དོ་ཅོག་འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བར་ཞལ་གྱིས་བཞེས་པ་ལྟར། དེའི་བཀའ་དྲིན་ཆ་ཤས་རེ་གསབ་ཕྱིར་མི་རེ་ངོ་རེས་ནུས་པ་འདོན་དགོས་པ་དང་། མ་འོངས་པར་འཁོར་གྱི་ཐོག་མར་མ་གྱུར་ཀྱང་ཐུགས་རྗེའི་སྐྱབས་འོག་ཏུ་ཚུད་ཐུབ་པའི་འབད་བརྩོན་དགོས་སྐོར་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་། དེ་རྗེས་ཤེས་ལྷན་ལས་བྱེད་བསྟན་འཛིན་ལམ་བཟང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་པ་དང་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་རེད།

ཐེངས་འདིའི་ཟབ་སྦྱོང་ནང་ཟབ་ཁྲིད་པ་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་དགེ་རྒན་ངག་དབང་བརྩོན་འགྲུས་ལགས་དང་། དྷ་སྟེང་བོད་ཁྱིམ་གྱི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས་གཉིས་ཀྱིས་རིགས་ལམ་བརྒྱུད་ནས་ཚན་རིག་འཁྲིད་ཐབས་ཀྱི་ལག་དེབ་སློབ་ཁྲིད་དང་། དགེ་རྒན་ནང་ཁུལ་དབར་རྟགས་བསལ་སྦྱོང་བརྡར་སྤྲོད་རྒྱུ་ཡིན་པ་རེད།

ཟབ་སྦྱོང་འདིའི་ནང་དུ། ལྷོ་ཕྱོགས་སེ་ར་བྱེས་སྨད་དང་། མོན་གྷོ་གཏན་སློབ། མོན་གྷོ་ཉིན་སློབ། ཀོ་ལེ་གྷལ། བྷེལ་ཀོབ། སེ་ཝི་པེ་བཅས་སཾ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། སྦེལ་ཀོབ་བོད་ཁྱིམ་གྲྭ་བཅས་སློབ་ཁག་བརྒྱད་ཀྱི་ལྟ་གྲུབ་དགེ་རྒན་ ༩ དང་ཚན་རིག་དགེ་རྒན་ ༡༡ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་གི་འགྲོ་གྲོན་ནི་ཌན་མག་ DANIDA རོགས་ཚོགས་ཀྱི་མཐུན་འགྱུར་གནང་ཡོད་པ་བཅས། །

Share with your friends










Submit