ཟླ་བ་ ༡༡ ཚེས ༧ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ རེས་གཟའ་ཕུར་བུ།

༄༅། །སྦས་ཡུལ་འབྲས་མོ་ལྗོངས་ཀྱི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་སིངྒ་རྟ་མང་ Shri Prem Singh Tamang མཆོག  ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པའི་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༦ ཐོག་བཞུགས་སྒར་དུ་ཕེབས་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་ཀྱི་ཟློས་གར་ཚོགས་པར་གཞུང་འབྲེལ་གསོལ་ཚིགས་གཟབ་རྒྱས་བཤམས་འདུག

སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་བཅས་ཀྱིས་སྤྱི་ཁྱབ་བློན་ཆེན་མཆོག་ལ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

དེ་ཡང་གསོལ་སྟོན་མ་བཤམ་སྔོན་ཙམ་ལ་བོད་ཀྱི་ཟློས་གར་ཚོགས་པས་བོད་མིའི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་པ་དང་། སྐབས་དེར་ཐོག་མར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་ཀྱི་ཟློས་གར་ཚོགས་པའི་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་སྙིང་བསྡུས་གནང་དོན།  འབྲས་ལྗོངས་གཞུང་མང་གཉིས་ནས་ད་བར་ཁུལ་དེར་གནས་པའི་བཙན་བྱོལ་བོད་མི་རྣམས་ལ་ཁ་ཞེ་གཉིས་མེད་ཐོག་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ལ་ངས་བོད་མིའི་ཚབ་ཞུས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་མཆོག་གི་དབུ་ཁྲིདལམ་སྟོན་འོག་འབྲས་ལྗོངས་མི་མང་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་ཐུབ་པ་དང་། མངའ་སྡེའི་ནང་སྣ་མང་རིག་གཞུང་ཡོད་པ་དེ་དག་འཆམ་མཐུན་ངང་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། 

ད་ཆ་སྐུ་ཉིད་སྤྱི་ཁྱབ་བློན་ཆེན་ཡིན་སྟབས་བོད་མི་བཙན་བྱོལ་བ་རྣམས་ལ་ཕྱོགས་གང་ས་ནས་མཐུན་འགྱུར་རོགས་གནང་རྒྱུའི་ནུས་པ་ཆ་ཚང་ལྡན་ཞིང་།  ལྷག་པར་མངའ་སྡེའི་ནང་སྲོལ་རྒྱུན་ནས་དར་སྲོལ་ཡོད་པའི་བོད་བརྒྱུད་ནང་བསྟན་སྔར་ལས་དར་ཞིང་རྒྱས་པ་ཡོང་སླད་རམ་འདེགས་ཞུ་ཐུབ་ངེས་ཡིན། ཞེས་གསུངས། །

 

 

Share with your friends










Submit