གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས།

 

 

 

༄༅། །བོད་གཞིས་ཀ་རྩེ་ནས་ཡིན་པའི་རང་ལོ་ ༤༥ ཡིན་པ་དབང་ཕྱུག་ལགས་འདི་ལོའི་ཕྱི་ཟླ་ ༣ ནང་བོད་ཀྱི་རྒྱལ་ས་ལྷ་ས་ནས་རང་གནས་སུ་ཕྱིར་ལོག་སྐབས་རྒྱའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟ་གང་དུ་ཡོད་མེད་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད།

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ཁང་ནས་གནས་ཚུལ་སྤེལ་གསལ་ལྟར་ན།  འདི་ལོའི་ཕྱི་ཟླ་ ༣ ཚེས་ ༨ ཡས་མས་ཤིག་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པས་རང་ལོ་ ༤༥ ཡིན་པའི་བོད་མི་དབང་ཕྱུག་ལགས་བཀག་ཉར་བྱས་ཡོད་པ་དང་། དེ་ཡང་ཁོང་ཚོང་གཉེར་གྱི་དོན་དུ་ལྷ་སར་ཕྱིན་ནས་རང་གནས་སུ་ཕྱིར་ལོག་ཡོང་སྐབས་གཞིས་ཀ་རྩེ་གྲོང་ཁྱེར་དུ་འཛིན་བཟུང་བཀག་ཉར་བྱས་ཡོད། ད་ཆར་ཁོང་གར་ཡོད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ནའང་། ནང་མིས་ཚོས་ཁོང་གཞིས་ཀ་རྩེའི་ཉ་རི་བཙོན་ཁང་དུ་དུས་བཀག་བཙོན་འཇུག་བྱས་ཡོད་པར་ཡིད་ཆེས་གནང་གི་འདུག

དབང་ཕྱུག་ལགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། བཀའ་ཟུར་རྒྱ་ལོ་དོན་གྲུབ་མཆོག་གི་དཔེ་དེབ་ཀ་ལིམ་པོང་གི་ཐུག་པ་ལས་བཟོ་བ་བཅས་དཔེ་དེབ་ཁ་ཤས་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་སྟེང་སྤེལ་བའི་རྐྱེན་གྱིས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་ཡོད་པ་དང་། རྒྱ་གཞུང་ནས་ཁྲིམས་ར་ཚོགས་ནས་བཙོན་འཇུག་བྱས་མིན་གྱི་གནས་ཚུལ་ཅི་ཡང་གསལ་བཤད་བྱས་མེད་པར་མ་ཟད། ཁོང་གི་ནང་མི་ཚོར་ཁོང་འཛིན་བཟུང་དང་བཙོན་འཇུག ཁོང་གི་ཉེས་པ་ཅི་ཡིན་སྐོར་གྱི་བརྡ་ལན་ཙམ་ཡང་བཏང་མེད།

དབང་ཕྱུག་ལགས་བཀག་ཉར་བྱས་རྗེས། ཁོང་གི་ནང་མི་ཚོ་ལའང་ཁྲིམས་འགལ་གྱིས་དམ་དྲག་དང་ཉེས་ཆད་བཀལ་ཡོད་པ་དང་། དེ་ཡང་རྒྱ་ནག་ས་གནས་སྲིད་གཞུང་ནས་དབང་ཕྱུག་ལགས་ཀྱི་ནང་མི་ཚོར་རོགས་སྐྱོར་རྣམ་གྲངས་དང་རྒན་གསོ་འགན་བཅོལ་བཅས་ཚུད་པའི་བདེ་དོན་རོགས་སྐྱོར་རིགས་ཕྱིར་འཐེན་བྱས་ཡོད་པར་མ་ཟད། རྒྱ་ནག་གྲོང་སྡེ་སྲིད་གཞུང་གི་ཆོག་འཐུས་མེད་པར་ཁོང་གི་ནང་མི་ཚོ་ཕྱིའི་རྫོང་ཁག་ནང་འགྲུལ་སྐྱོད་མི་ཆོག་པའི་དམ་དྲག་བྱས་ཡོད་པ་དང་། རྒྱ་ནག་ས་གནས་སྲིད་གཞུང་གིས་དོགས་ཟོན་མྱུལ་ཞིབ་ཤུགས་ཆེར་བཏང་སྟེ། ཁོང་གི་ནང་མི་ཚོ་ཁ་འཐོར་ཡ་བྲལ་བཟོས་འདུག

དབང་ཕྱུག་ལགས་ནི།  ཕ་ཡུལ་གཉའ་ལམ་རྫོང་ཟུར་མཚོ་ཤིང་དཀར་ཆུང་གྲོང་ཚོ་ཡིན་པ་དང་། ཁོང་གི་ཕ་མིང་ལ་རྡོ་རྗེ་དང་མ་མིང་ལ་ཚེ་དབང་ཞུ་བ་དང་ཁྱིམ་ཚང་ཆེན་པོ་ཞིག་ཡིན་འདུག ཁོང་ལ་ཕུ་བོ་ཞིག་དང་ནུ་བོ་ཞིག་བཅས་ཡོད་པ་དང་། ཁོང་བུ་སྤུན་ཚོ་ཤུག་གཅིག་གཉེན་སྒྲིག་༼བུ་སྤུན་ཚོས་བཟའ་ཟླ་གཅིག་བསུ་བའི་གཉེན་སྲོལ།༽བྱས་ཡོད་པ་དང་། ཁོང་ཚོར་བུ་གསུམ་དང་བུ་མོ་གཉིས་བཅས་བྱིས་པ་ ༥ ཡོད་པ་རེད། དབང་ཕྱུག་ལགས་ཀྱིས་ལྷ་ས་དང་མཐའ་མཚམས་འགྲམ་དུ་ཚོང་ཟོག་ཙག་ཙིག་གཉེར་གྱི་ཡོད་པ་དང་། ཁྱིམ་ཚང་གི་འཚོ་ཐབས་གཙོ་བོ་ཁོང་གི་ཚོང་ལས་ལ་བརྟེན་ཡོད་པས། རྒྱ་གཞུང་གིས་ཁོང་བཙོན་འཇུག་བྱས་པའི་རྐྱེན་གྱིས། ཁོང་གི་ཁྱིམ་ཚང་གི་འཚོ་ཐབས་དང་། ཐ་ན་བྱིས་པ་ཚོའི་སློབ་ཡོན་བཅས་ལ་དཀའ་ཁག་འཕྲད་ངེས་ཡིན་པས་ཧ་ཅང་བློ་འཚབ་སྐྱེ་གཞི་ཆགས་ཡོད། །

Share with your friends










Submit