ཟླ་བ་ ༡༡ ཚེས ༢༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་རྡ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་ ༡ ཐོག་ཆོས་ཚོགས་ཐེངས་བཅུ་བཞི་པ་མཇུག་སྡོམ་མཛད་སྒོའོ་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་མཆོག་དང་། ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག  ཆོས་རིག་དྲུང་ཆེ་བསྟན་འཛིན་ལུང་རྟོགས་ལགས། ཆོས་ཚོགས་ཐེངས་ ༡༤ པའི་ཐོག་ཆིབས་བསྒྱུར་བསྐྱངས་པའི་ཆོས་ལུགས་ཆོས་བརྒྱུད་དང་བཅས་པའི་བླ་སྤྲུལ་ཆེ་ཁག་རྣམ་པ།

ཧི་མཱ་ལ་ཡ་རི་རྒྱུད་ཀྱི་བླ་སྤྲུལ་སྐུ་ཚབ་རྣམ་པ།  སྤྱི་འཐུས་རྣམ་པ། བཙན་བྱོལ་དུ་རྟེན་གཞི་བྱས་པའི་རིས་མེད་བོད་ཀྱི་གདན་ས་ཆེ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་དབུས་མཁན་པོ་རྣམ་པ། སྣེ་འཛིན་སློབ་དཔོན། འགན་འཛིན་སྐུ་ཚབ་རྣམ་པ། རིས་མེད་བཙུན་དགོན་ཁག་གི་སྐུ་ཚབ་རྣམ་པ་བཅས་ལྷན་འཛོམས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཆོས་ཚོགས་ཐེངས་ བཅུ་བཞི་པའི་གྲུབ་དོན་སྙིང་བསྡུས་སྐོར་དང་།   ཟུར་རྒྱན་གྲོས་ཆོད་སྒྲོགས་སྦྱང་གནང་དོན། 

ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཉིན་གསུམ་པའི་ཚོགས་མགོན་དུ་ཆིབས་སྒྱུར་བཀྲིན་བསྐྱངས་ཏེ། གསུང་གི་བདུད་རྩིའི་བླང་དོར་ལམ་སྟོན་བཀའ་སློབ་དང་། བདག་ཅག་ཁ་བ་གངས་ཅན་པ་རྣམས་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་རྒྱུའི་བཀའ་བཞེས་བཟང་པོ་སྤྱི་སྨིན་བྱུང་བར་ཆོས་ལུགས་ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམས་ཀྱིས་གཙོས་ཚོགས་བཅར་བ་ཡོངས་ནས་བཀྲིན་བླ་ལྷག་ཏུ་ཆེ་ཆེ་ཞུ་རྒྱུ་དང་ཆབས་ཅིག མགོན་པོ་གང་ཉིད་ཀྱིས་བསྩལ་བའི་གཤམ་གསལ་བླང་དོར་ལམ་སྟོན་གྱི་དགོངས་དོན་རྣམས་ཕྱག་བསྟར་ཚུལ་བཞིན་གནང་རྒྱུ།

༡༽ བསྟན་བདག་བླ་ཆེན་རྣམ་པས་དབུས་པའི་ཆོས་སྡེ་ཁག་གི་མཁན་བླ་སྤྲུལ་འབྲེལ་ཡོད་ཡོངས་ནས་ཐུགས་སྣང་ཆེར་བསྐྱེད་ཀྱིས་ད་ཕན་༸རྒྱལ་བའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་དང་གནང་མུས་ལ་བསྔགས་བརྗོད་དང་སྦྲགས་གཞུང་ཆེན་སློབ་གཉེར་ལ་འབད་བརྩོན་སྔར་ལྷག་གནང་དགོས་རྒྱུ།

༢༽  བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གཉིས་ཀྱི་ཁྱད་པར་ཤེས་པའི་སྒོ་ནས་མདོ་སྔགས་ཀྱི་གཞུང་ཆེན་ཁག་ལ་དགོན་སྡེ་གྲྭ་ཚང་ཡོངས་ནས་བསླབ་པ་སློབ་གཉེར་སྔར་ལྷག་གནང་དགོས་རྒྱུ།

༣༽ ནང་པའི་གཞུང་ནས་གསུངས་པའི་སེམས་ཁམས་རིག་པ་དང་ཚད་མ་རིག་པ་སོགས་ལ་དོ་སྣང་ཐོག་ཚན་རིག་དང་མཉམ་དུ་དཔུང་པ་མཉམ་བཤིབ་ཀྱིས་བསྐྱོད་ན་ནང་པའི་ཆོས་འདི་མུ་མཐུད་དུས་རབས་ཁ་ཤས་གནས་རྒྱུ་ལགས་པས། དེའི་ཐོག་ཚང་མས་སྔར་ལྷག་འབད་བརྩོན་གནང་གལ་ཆེ།

༤ ༽  བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་འཚེ་བ་མེད་པའི་ལམ་ནས་རང་ལུས་མེར་བསྲེགས་གཏོང་གནང་མཁན་ཚོའི་ཆེད་དུ་ཚང་མས་ཐུགས་སྨོན་མཚམས་སྦྱོར་གནང་རྒྱུ་བཅས་ཀྱི་སྤྱི་མོས་ཟུར་རྒྱན་གྲོས་ཆོད་དུ། བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་ཚོགས་བཅར་བ་ཡོངས་ནས། ཅེས་གསུངས།

དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་ཆོས་རིག་དྲུང་ཆེ་ལུངས་རྟོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས། །

Share with your friends










Submit