ཟླ་བ་ ༡༡ ཚེས ༢༩ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས།

༄༅། །བོད་རྒྱལ་ལོ་ ༢༡༤༦ ཟླ་ ༡༠ ཚེས་ ༡ ནས་ ༣ བར་དང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས ༢༩ བར་ཉིན་གསུམ་རིང་འཕགས་ཡུལ་དྷ་རམ་ས་ལ་གངས་ཅན་སྐྱིད་གཤོངས་ཚོགས་ཁང་གསར་པའི་ནང་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་བསྐྱངས་པའི་གྲོས་གཞི་དང་གྲོས་ཆོད་ཁག་གཤམ་གསལ།

གྲོས་གཞི་དོན་ཚན་དང་པོ།
བོད་ཀྱི་དགོན་སྡེ་རྣམས་སུ་དུས་བསྟུན་བཤད་སྒྲུབ་ཆོས་སྤྱོད་རྒྱུན་འཛིན་དང་གོང་སྤེལ་གནང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡། དགོན་སྡེ་ཁག་ཏུ་ད་ལྟ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་གཞོན་པ་རྣམས་མུ་མཐུད་རྒྱུན་གནས་ཀྱིས་བསླབ་པ་མཐར་སོན་ཡོང་ཐབས་ཆེད་དམིགས་བསལ་ལས་འཆར་དང་ཐབས་ལམ་གྲ་སྒྲིག་དགོས་རྒྱུ། སྤྱི་མོས།

༢། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་སློབ་རིམ་པའི་དགོངས་དོན་དང་། ད་ལྟའི་བོད་ཀྱི་མི་རབས་གསར་པ་རྣམས་ཀྱི་ནང་ཆོས་ཀྱི་གོ་རྟོགས་གནས་ཚད་སོགས་ལ་ལྟོས་ན་དགོན་སྡེ་ཁག་གི་གོ་སྒྲིག་འོག་དམིགས་བསལ་མི་སྐྱ་རྣམས་ཀྱི་སློབ་གཉེར་གནང་ཡུལ་ཆེད་དོན་ཕན་ལྡན་པའི་གོ་སྐབས་བསྐྲུན་དགོས་རྒྱུ་དང་། རྒྱ་ཆེའི་མི་མང་ལ་ཡང་ནང་ཆོས་ཀྱི་གོ་རྟོགས་སྔར་ལྷག་སྤེལ་ཐབས་དགོས་རྒྱུ། སྤྱི་མོས།

༣། རིས་སུ་མ་ཆད་པའི་དགོན་སྡེ་ཁག་ཏུ་ཆོས་ལུགས་ཕན་ཚུན་གྱི་གཞུང་ལུགས་དང་ལྟ་གྲུབ། ཆོས་འབྱུང་ལོ་རྒྱུས་སོགས་བགྲོ་གླེང་གང་མང་གནང་དགོས་པ་དང་། དམིགས་བསལ་འཇང་དགུན་ཆོས་ལྟ་བུ་ཆོས་ལུགས་སོ་སོར་རེས་སྐོར་གྱིས་ཆོས་ལུགས་དེའི་གཞུང་ལུགས་ཁག་ལ་ཟླ་རེ་ཙམ་སློབ་ཁྲིད་ཀྱིས་དམིགས་བསལ་བགྲོ་གླེང་དང་སློབ་སྦྱོང་ཐུབ་པ་དགོས་རྒྱུ། སྤྱི་མོས།

༤། དགོན་སྡེ་ཁག་གི་དཔེ་ཁྲིད་དགེ་རྒན་སྤྱི་དང་། ལྷག་པར་གྲྭ་བཙུན་ན་གཞོན་རྣམས་ལ་སློབ་སྦྱོང་སྤྲོད་མཁན་དགེ་རྒན་ཚོར་དེང་དུས་དང་མཐུན་པའི་དགེ་རྒན་འོས་སྦྱོང་ཚད་ལྡན་སྤྲོད་ཐབས་དགོས་རྒྱུ། སྤྱི་མོས།

༥། རང་རེའི་དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་དང་། གཞུང་ཆེན་སློབ་གཉེར་གནང་ཡུལ་རྣམས་གནས་ཡུལ་རྒྱལ་ཁབ་སོ་སོའི་སློབ་གྲྭ་དང་། གཙུག་ལག་སློབ་གཉེར་ཁང་ངམ་འབྲེལ་ཡོད་སྡེ་ཚན་ནས་གཞུང་འབྲེལ་ངོས་འཛིན་ཡོད་པའི་ལག་འཁྱེར་འཐོབ་ཐབས་དགོས་རྒྱུ་དང་། དགོན་པ་སོ་སོའི་གྲྭ་བཙུན་རྣམས་སྤུས་ཚད་དང་ལྡན་པ་ཡོང་ཐབས་ཆེད་ཕྱོགས་ཡོངས་ནས་ལག་བསྟར་དགོས་རྒྱུ། སྤྱི་མོས།

༦། རང་རེ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་གྲྭ་བཙུན་གཞོན་སྐྱེས་རྣམས་རྒྱུན་གནས་ཐུབ་ཆེད་ཕྲུ་གུ་སོ་སོའི་སེམས་ཁམས་དང་མཐུན་པའི་སློབ་ཚན་རིགས་གོ་སྒྲིག་དང་། སྐབས་བསྟུན་འཕྲོད་བསྟེན་དང་འབྲེལ་བའི་དགག་བྱ་མེད་པའི་རྩེད་རིགས་སོགས་གོ་སྒྲིག་དགོས་རྒྱུ།  སྤྱི་མོས།
༧། དུས་རབས་ཉེར་གཅིག་པའི་ཆོས་པ་རྣམས་དབང་རྣོན་ཆོས་ཀྱི་རྗེས་འབྲང་བྱེད་དགོས་ལ་སོང་། དགོན་སྡེ་ཁག་ཏུ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དགོས་རྒྱུ་དང་། དམིགས་བསལ་སྒོམ་སྒྲུབ་ཀྱི་ཆེད་དུ་མཐུན་རྐྱེན་བསྐྲུན་ཏེ་ནང་ཆོས་ཉམས་ལེན་གནད་སྨིན་ཡོང་ཐབས་དགོས་རྒྱུ།  སྤྱི་མོས།
༨། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཕན་ཚུན་དབར་དག་སྣང་དང་བརྩི་བཀུར་ཡོང་ཆེད་ཆོས་བྱེད་མི་སྣ་རྣམས་ཀྱིས་ས་གནས་གང་ཞིག་ཏུ་དགོན་སྡེ་དང་། མི་མང་རྣམས་ལ་ཆོས་ལུགས་ཀྱི་ཕྱོགས་རིས་མ་སོང་བའི་འགན་ངེས་པར་དུ་ལེན་དགོས་རྒྱུ།  སྤྱི་མོས།
༩། བོད་ཀྱི་ནང་ཆོས་མུ་མཐུད་རྒྱུན་འཛིན་དང་དར་སྤེལ་ཡོང་ཐབས་ཆེད་ས་གནས་དང་། མི་རིགས་སོ་སོའི་སྐད་རིགས་འདྲ་མིན་ཐོག་ངོ་སྤྲོད་བྱུང་ཚེ་དགེ་མཚན་ཡོང་རྒྱུ། སྤྱི་མོས།
༡༠། དགོན་སྡེ་ཁག་ཏུ་གྲྭ་བཙུན་རྒྱུན་གནས་ཆེད་གཞི་རིམ་སློབ་གྲྭ་ནས་བཟུང་ནང་ཆོས་གོ་རྟོགས་སྤེལ་ཐབས་དང། དགེ་རྒན་ཚད་ལྡན་ཡོང་ཐབས། སློབ་གྲྭ་ཁག་ཏུ་ནང་ཆོས་ཀྱི་སློབ་ཚན་འཇོག་ཕྱོགས་སྐོར་བཅས་ཆོས་རིག་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཟུང་འབྲེལ་གྱི་ཐོག་ནས་གོ་སྒྲིག་དགོས་རྒྱུ། སྤྱི་མོས།
༡༡། ད་ལྟ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་ལ་བཞུགས་ཏེ་ཆོས་བརྒྱུད་བླ་ཆེན་རྣམས་གདན་འཛོམས་པའི་ཐོག་ནས་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོ་ཅན་གྱི་སྡེ་སོ་སོའི་རྟགས་དང་ཆ་ལུགས་དབྱེ་མཚམས་བཅས་གཏན་འབེབས་གསལ་པོ་ཐུབ་ཚེ་དགེ་མཚན་ཡོང་རྒྱུ། སྤྱི་མོས།
༡༢། ནང་ཆོས་ཀྱི་བརྗོད་གཞི་གཏིང་ཟབ་མོ་དེ་འདྲ་བརྙན་ལམ་བརྒྱུད་ནས་སྟབས་བདེ་གོ་སླའི་ནང་འགྲེལ་བརྗོད་དང། སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་སོགས་ངོ་སྤྲོད་གནང་ཐུབ་པ་དགོས་རྒྱུ།
སྤྱི་མོས།
༡༣། རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ལ་ཆོས་རིག་ལས་ཁུངས་ནས་ཚོགས་ཆུང་ཆེད་འཛུགས་ཀྱིས་ཆོས་བརྒྱུད་སྤྱིའི་ཐོག་ཉམས་ཆག་གང་ཕྱིན་པ་རྣམས་ལ་ཞིབ་འཇུག་མཐིལ་ཕྱིན་གནང་རྒྱུ། སྤྱི་མོས།
༡༤། ཆོས་བརྒྱུད་སོ་སོའི་མཁན་པོ་དང་དགེ་བཤེས་སོགས་བསླབ་པ་མཐར་སོན་རྗེས་སུ་དེང་རབས་དང་མཐུན་པའི་ཤེས་ཡོན་གྱི་ཁོར་ཡུག་སྐྲུན་པའི་ཐོག ལོ་ཙཱ་བའི་མི་སྣ་སྐྱེད་སྲིང་བྱ་རྒྱུ། སྤྱི་མོས།

གྲོས་གཞི་དོན་ཚན་གཉིས་པ།
ཆོས་ལུགས་གཞན་དང་། ནང་པའི་ཆོས་བརྒྱུད་གཞན་དང་ལྷན་དུ་མཐུན་འབྲེལ་དང་གོང་སྤེལ་གནང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཕྱི་ནང་གི་ཆོས་ལུགས་དང་ཆོས་བརྒྱུད་ནང་ཕན་ཚུན་ཐུགས་ཡིད་འོ་ཆུ་གཅིག་ཏུ་འདྲེས་ཐབས་སུ་ཡེ་ཤུ་དང་། ཧིན་རྡུ། ཁ་ཆེ་སོགས་ཆོས་ལུགས་སོ་སོའི་ལྟ་གྲུབ་ཕན་ཚུན་ངོ་ སྤྲོད་མཚམས་སྦྱོར་གྱི་ཚད་མཐོའི་བགྲོ་གླེང་དང་། གོ་རྟོགས་གོང་འཕེལ། ཉམས་མྱོང་སྤེལ་རེས་བཅས་དགོས་རྒྱུ། སྤྱི་མོས།
༢། དེང་རབས་དང་བསྟུན་ནང་ཆོས་དང་ཚན་རིག་གཉིས་ཀྱི་གནད་དོན་གཅིག་ཏུ་འབབ་པའི་མཐུན་ཕྱོགས་ཀྱི་ཁྱད་གནད་བགྲོ་གླེང་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ལམ་ནས་ཕན་ཚུན་ཞལ་འཛོམས་ཀྱིས་མངོན་སུམ་མྱོང་གྲུབ་ཀྱི་རྒྱུས་ལོན་དང་། ཆོས་ལུགས་འདྲ་མཉམ་དང་། གཉིས་ཕན་གཞི་རྩར་བཟུང་པའི་ཐོག་ནས་སྤྱི་ཚོགས་ཞི་བའི་ཐབས་ལ་འབད་བརྩོན་དགོས་གལ། སྤྱི་མོས།
༣། འབར་མ་སོགས་ནང་ཆོས་བརྒྱུད་འཛིན་པ་མང་པོ་ཞིག་ནས་རང་རེའི་བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་རབ་བྱུང་པ་རྣམས་ལ་མཐོང་སྣང་མ་བདེ་བ་ཡོད་ཚུལ་གོ་རྒྱུ་འདུག་པས་རང་རེེའི་ངོས་ནས་དེ་ལུགས་ཐུགས་གཟབ་དགོས་རྒྱུ། སྤྱི་མོས།
༤། བོད་བརྒྱུད་ནང་བསྟན་དང་། གནས་བརྟན་སྡེ་པའི་དབར་འབྲེལ་ལམ་ཟབ་མོ་ཡོང་ཆེད་འདུལ་བ་དང་། བྱམས་བརྩེ། རྟེན་འབྲེལ་བཅས་བརྗོད་གཞིར་བཟུང་སྟེ་བགྲོ་གླེང་གནང་དང་གནང་མུས་ཐོག དམིགས་བསལ་ཆོས་ཕྱོགས་ཀྱི་ མཛད་སྒོ་ཆེ་ཁག་ལ་ཆོས་ལུགས་གཞན་གྱི་བླ་ཆེན་རྣམ་པ་སྐུ་མགྲོན་དུ་གདན་ཞུ་གནང་ཐབས་དགོས་གལ། སྤྱི་མོས།

གྲོས་གཞི་དོན་ཚན་གསུམ་པ།
གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་གཞི་རྒྱུན་སྐྱོང་དང་གོང་སྤེལ་གནང་ཕྱོགས་ལ་བསྐྱར་ཞིབ་སྐོར།
གྲོས་ཆོད།
༡། ད་ལྟ་གནང་བཞིན་པའི་རིགས་གཅིག་རྐང་འཛིན་གྱི་ཉམས་ཞིབ་མུ་མཐུད་དགོས་པ་དང་། ད་ཕན་རིགས་གཅིག་ རྐང་འཛིན་གྱི་ཉམས་ཞིབ་བྱེད་ཕྱོགས་སྐོར་ལ་ཞན་ཆ་མཐོང་བས། དེ་ལ་བསྐྱར་ཞིབ་ཀྱིས་ནང་ཆོས་ཉམས་ཞིབ་བྱེད་ ཕྱོགས་ཀྱི་སྐོར་ལ་མཁས་དབང་གདན་ཞུས་ཀྱིས་དེང་རབས་དང་མཐུན་པའི་ཉམས་ཞིབ་བྱེད་སྟངས་ཀྱི་རིམ་པ་ལ་སློབ་སྦྱོང་དམིགས་བསལ་སྤྲད་དེ་ལག་བསྟར་ཐུབ་དགོས་པ་དང་། ལག་འཁྱེར་དེ་ཡང་ངོས་འཛིན་ཚད་ལྡན་འཐོབ་རྒྱུར་དཔལ་ལྡན་ཆོས་རིག་ལས་ཁུངས་ནས་འགན་འཁུར་གནང་རྒྱུ། སྤྱི་མོས།
༢། གཞུང་ཆེན་ཁག་གི་རིགས་གཅིག་རྐང་འཛིན་འདི་ཡང་ཆོས་རིག་ལས་ཁུངས་གཅིག་པུར་འགན་སྤྲོད་ལྟ་བུ་མ་ཡིན་པར། ཆོས་བརྒྱུད་སོ་སོའི་བཤད་གྲྭ་ཁག་ནང་དུ་རྒྱུན་ལྡན་དཔེ་ཁྲིད་དགེ་རྒན་རྣམ་པས་ངོ་སྤྲོད་དང། དེང་དུས་དང་མཐུན་པའི་ཐོག་ནས་གོམ་པ་རིམ་བརྒྱུད་འགྲོ་དགོས་པར་མཐོང་། ལས་གཞི་འདི་ཡང་མུ་མཐུད་ཚགས་ཚུད་པོ་གནས་ཐུབ་པར་དགོས་གལ། སྤྱི་མོས།
༣། ༸གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་གཞུང་ཆེན་གཅིག་གི་ལེ་ཚན་རེར་རིགས་གཅིག་རྐང་འཛིན་གནང་ཐབས་དང་། དེ་ཡང་དཔེ་མཚོན་ཞུས་ན། དབུ་མ་དང་ཕར་ཕྱིན་སོགས་ལ་ཆོས་བརྒྱུད་སོ་སོའི་འདོད་ཚུལ་ དང་དགག་བཞག་སྤོང་གསུམ་མཐིལ་ཕྱིན་པ་ཞིག་གནང་དགོས་རྒྱུ། སྤྱི་མོས།
༤། གཞུང་ཆེན་རིགས་གཅིག་རྐང་འཛིན་སྐོར་ལ་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གང་འདྲ་ཞིག་གནང་ནའང་འབྲེལ་ཡོད་དགོན་སྡེ་ཁག་ནས་མཉམ་ཞུགས་དང་འགན་ཁུར་ཚུལ་བཞིན་ལེན་དགོས་རྒྱུ། སྤྱི་མོས།
༥། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་གྲངས་ཀ་གཙོ་བོ་མ་ཡིན་པ་སྤུས་ཚད་གཙོ་བོར་བཟུང་ནས་ཕྱིས་སུ་ཆོས་བརྒྱུད་སོ་སོའི་རིགས་གཅིག་རྐང་འཛིན་གྱི་གྲངས་ཚད་ལ་ཐུགས་ཞིབ་ཀྱིས་གྲངས་ངེས་ཅན་གཏན་འབེབས་དགོས་རྒྱུ། སྤྱི་མོས།

གྲོས་གཞི་དོན་ཚན་བཞི་པ།
དགོན་སྡེ་སོ་སོའི་གྲྭ་བཙུན་རྣམས་ཀྱི་འཕྲོད་བསྟེན་ཐོག་གཟིགས་སྐྱོང་དང་འགན་འཁུར་གནང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡། དགོན་སྡེ་གྲྭ་ཚང་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ལ་དམིགས་གསལ་འཕྲོད་བསྟེན་དང་འབྲེལ་བའི་ཟབ་སྦྱོང་དང་། སྨན་ཁང་སྔ་ཡོད་ལ་མཐུན་འགྱུར་ཇི་དགོས་རོགས་འདེགས་དང་། མེད་རིགས་ལ་གསར་དུ་སྨན་ཁང་གསར་རྒྱག་གི་མཐུན་རྐྱེན་སྐྲུན་དགོས་པ་དང་། དུས་ནས་དུས་སུ་གནས་བརྟན་བགྲེས་སོང་རྣམས་ལ་འཕྲོད་བསྟེན་གྱི་བརྟག་ དཔྱད་ཀྱི་མཐུན་འགྱུར་དགོས་གལ། སྤྱི་མོས།
༢། དགོན་སྡེ་གྲྭ་ཚང་ཆེ་ཁག་ནང་དུ་དགེ་འདུན་པའི་ལུས་སེམས་བདེ་ཐང་གི་སློབ་སྦྱོང་རྨང་གཞི་འཛུགས་དགོས་པ་དང་། དུས་རྒྱུན་འདུལ་བའི་ལུང་དང་མཐུན་པའི་སྒོ་ནས་ལུས་སྦྱོང་དགོས་པ། དེ་ཡང་མཐའ་གཉིས་སུ་མ་ལྷུང་བ་དང་བག་མེད་ལྷོད་ཡངས་སུ་མི་འགྲོ་བར་གྲྭ་བཙུན་ཚོས་ལུས་སྦྱོང་གནང་དགོས། རྒྱ་གར་དབུས་ནས་རྩེད་ཐང་དང་ལུས་སྦྱོང་འཕྲུལ་ཆས་ཁང་མཐུན་རྐྱེན་སྦྱར་ཐབས་སུ་ཆོས་རིག་ལས་ཁུངས་ནས་འབད་བརྩོན་གནང་གལ། སྤྱི་མོས།
༣། དགོན་སྡེ་གྲྭ་ཚང་གི་ཁོར་ཡུག་གཙང་སྦྲ་དང་། སྤྱི་ཐབ་ནང་དུ་ཟས་བཅུད་བཟང་ངན་ཉམས་ཞིབ། ཟས་བཅུད་བསྟེན་ཐབས། དེ་བཞིན་འཐུང་ཆུ་སོགས་ལ་དོ་སྣང་དགོས་རྒྱུ། འཐུང་ཆུ་དམར་རིགས་སོགས་དགོན་སྡེ་གྲྭ་ཚང་ནང་དུ་བཀག་བསྡོམ་དགོས་པ་དང་། སྔོ་ཚལ་རིགས་སོགས་ཉོས་པའི་སྐབས་སུ་ཟས་རིགས་གསར་རྙིང་ཇི་འདྲ་ཡིན་མིན་ཐད་ལ་བརྟག་དཔྱད་དགོས་གལ། སྤྱི་མོས།
༤། གལ་སྲིད་བྱུང་ན་གཞུང་ལུགས་ཁག་ནས་གསལ་བའི་སྲོལ་རྒྱུན་གྱི་ལུས་སྦྱོང་དེ་ཡང་དར་སྤེལ་དང་རྒྱུན་འཛིན་གནང་དགོས་པ་དང་། ལུས་སྦྱོང་དེས་སེམས་ཁམས་ཞི་བདེ་ཡོང་ཐབས་ལ་སྨན་ངེས་པས་ཆོས་བརྒྱུད་སུ་ཞིག་ལ་ལུས་སྦྱོང་ཁྲིད་ལུང་ཡོད་ཚེ། དར་སྤེལ་རྒྱུན་གནས་གནང་གལ། སྤྱི་མོས།
༥། ལུས་སེམས་གཉིས་ཀར་འཕྲོད་བསྟེན་དགོས་པར་བརྟེན། དམིགས་བསལ་འཕྲོད་བསྟེན་སྐོར་གྱི་དེབ་ཆུང་རིགས་བསྒྱུར་རྩོམ་གྱིས་དགོན་སྡེ་ཁག་ཏུ་འགྲེམ་སྤེལ་གང་མང་གནང་དགོས་པ་དང་། རྒྱུན་དུ་ལོ་རེ་བཞིན་བརྟག་དཔྱད་དགོས་རིགས་དགོན་སྡེ་སོ་སོ་ནས་འཐུས་ཤོར་མ་སོང་བ་དགོས་རྒྱུ། གཞུང་ལུགས་ཁག་ནང་གསལ་བའི་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་སློབ་ཚན་ཟུར་བཀོལ་གྱིས་དགོན་པའི་གྲྭ་བཙུན་ཆུང་ངུ་ནས་བཟུང་བསླབ་ཐབས་དགོས་རྒྱུ། སྤྱི་མོས།
༦། འབར་མ་སོགས་ཀྱི་དགོན་སྡེ་ཁག་ནང་དགེ་འདུན་པ་རྣམས་ལ་འཕྲོད་བསྟེན་སློབ་གསོ་དང་ལག་བསྟར་གནང་ཕྱོགས་སྐོར་སོགས་གང་ལེགས་ཡོད་འདུག་པས་རྒྱུས་ལོན་གྱིས་ལེགས་ཆ་ལེན་ཕྱོགས་དགོས་རྒྱུ། སྤྱི་མོས།
༧། དཔལ་ལྡན་ཆོས་རིག་ལས་ཁུངས་ཀྱི་ཐུགས་འགན་བཞེས་ནས་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བཙུན་སྔགས་གསུམ་ལ་ལོ་དུས་རྒྱས་བཅད་ནང་གཟུགས་གཞིར་བརྟག་དཔྱད་ཆ་ཚང་རེ་ངེས་པར་དུ་གནང་ཐུབ་པ་དགོས་རྒྱུ། སྤྱི་མོས།

ལྔ་པ། གོང་གསལ་གྲོས་གཞིར་མ་འཁོད་པའི་དོན་གནས་གཞན་ཐོག་དགོངས་འཆར་དང་བཀའ་བསྡུར།
གྲོས་ཆོད།
༡། སྤྱིར་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་གྱི་སྐོར་དང་། ལྷག་པར་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱི་ཡང་སྲིད་ངོས་འཛིན་གནང་སྐབས་རྒྱ་གཞུང་གིས་ཐེ་བྱུས་མེད་པའི་ཐོག་ཕྱག་བསྟར་ཇི་གནང་ཁ་གསལ་ཞིབ་ཕྲ་འཁོད་པའི་ལོ་རྒྱུས་ཀྱི་ཡིག་ཆ་ཕྱོགས་སྒྲིག་གནང་སྟེ་འགྲེམས་སྤེལ་དགོས་རྒྱུ་དང་། ཆོས་ཚོགས་ཐེངས་བཅུ་བཞི་པ་འདིའི་ཐོག་སྐུ་ཡི་ཡང་སྲིད་སྐོར་དམིགས་བསལ་སྤྱི་མོས་གྲོས་ཆོད་ཅིག་སྣོལ་འཇོག་གནང་བར་བཀའ་སྤྱི་གཉིས་ནས་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་གསལ་བསྒྲགས་རྒྱ་ཁྱབ་ཏུ་སྤེལ་ཐུབ་པ་དགོས་རྒྱུ། སྤྱི་མོས།
༢། ཆོས་ཚོགས་འདི་ཡི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་དམིགས་བསལ་གྲོས་ཆོད་བཞག་ཟིན་ཡོད་ནའང་། གནད་འགག་ཆེ་ཤོས་ཚོགས་ཐོག་འདི་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་བ་རྩེ་གཅིག་ཏུ་འདེབས་རྒྱུ་དང་། དེང་སྤྱི་ཚོགས་ནང་༸གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་རེ་ཟུང་ཡོང་བཞིན་འདུག་པ་ཚོར་ཆོས་བརྒྱུད་ཚང་མས་མཐའ་གཅིག་ཏུ་དགག་པ་གནང་རྒྱུ་དང་། རང་རེ་དད་ལྡན་རྗེས་འཇུག་པ་ཡོངས་ནས་དད་པ་དམ་ཚིག་གཡོ་བ་མེད་པའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་གསུངས་ཅི་སྒྲུབ་ཞུ་རྒྱུའི་ཁས་ལེན་གཙང་མ་ཞུ་རྒྱུ་བཅས།། སྤྱི་མོས།
བོད་མིའི་ཆོས་ཚོགས་ཐེངས་ ༡༤ པའི་དབུ་བཞུགས་བླ་ཆེན་རྣམ་པ་དང་། ཚོགས་ཞུགས་འཐུས་མི་ཡོངས་ནས་བོད་རབ་གནས་ས་ཕག་ལོའི་བོད་ཟླ་ ༡༠ ཚེས་ ༢ ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༨ ལ།། །།

Share with your friends










Submit