ཟླ་བ་ ༡༡ ཚེས ༡༥ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ནང་ཡུལ་གྲུ་ཁག་ཏུ་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་མཇལ་འཕྲད་དང་། བོད་དོན་རྒྱབ་སྐྱོར་སྔར་ལྷག་ཐོབ་ཐབས་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལས་རིམ་ཡོད་པ་ལྟར། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། སྤྱི་འཐུས་བློ་བཟང་གྲགས་པ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ ནས་ ༢༤ བར་ཡུ་རོབ་རྒྱལ་ཁབ་ཕ་རན་སི་ France དང་། སྦེལ་ཇམ་ Belgium   ནི་ཐར་ལན་ཌི་ Netherlands བཅས་གསུམ་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་པ་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༩ ཐོག་རྒྱལ་ས་ལྡི་ལི་ནས་ཕ་རན་སི་རྒྱལ་ས་པེ་རི་སི་ལ་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༧ ནས་ ༢༤ བར་གོང་གསལ་རྒྱལ་ཁབ་ཁག་ལ་རིམ་པས་ལས་རིམ། ཕྱི་ཚེས་ ༣༠ ཉིན་པེ་རི་ས་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །