ཟླ་བ་ ༡༡ ཚེས ༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཨ་རིའི་ཝ་ཤིང་ཊོན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་ Association of Washington Generals ཞེས་པའི་ཚོགས་པ་དང་། ཝ་ཤིང་ཊོན་མངའ་སྡེའི་ Lt. Governor Office ལས་ཁུངས་གཉིས་ཟུང་སྦྲེལ་ཐོག་གོ་སྒྲིག་ཞུས་པའི་བྱམས་བརྩེ་ ༢༠༢༠ Compassion 2020 ཞེས་པའི་ལས་འཆར་འོག སྐུ་ཞབས་སི་ར་ས་ཧ་བྷིབ་ Lt. Governor Cyrus Habib མཆོག་གིས་སྣེ་འཁྲིད་འོག་ Lt. Governor Office ལས་ཁུངས་ཀྱི་འཛིན་སྐྱོང་འགན་འཛིན་ཀིརི་སི་ཊི་ན་བྷ་རོན་ Kristina Brown, Executive Director in the Office of the Lt. Governor མཆོག་དང་ལས་འཆར་འགན་འཛིན་ཧ་ན་ཕོ་ལ་ཌི་ Hana Fouladi, Program Manager in the Office of the Lt. Governor མཆོག Association of Washington Generals ཞེས་པའི་ཚོགས་པའི་ཚོགས་མི་གྲངས་དྲུག་དང་། མང་ཚོགས་འགོ་འཁྲིད་གྲངས་བདུན། སློབ་ཕྲུག་ལྔ་སོགས་ཁྱོན་མི་གྲངས་ཉི་ཤུ་རྩ་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། བོད་མི་མང་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་གཙོས་སྤྱི་འཐུས་རྒྱུན་ལས་ཆབ་སྲིད་སྡེ་ཚན་གྱི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ཚེ་རིང་ལྷ་མོ་ལགས་བཅས་ནས་རྒྱུན་ལས་ཚོགས་ཁང་ནང་མཇལ་འཕྲད་གནང་སོང་།

སྐབས་དེར་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་འདིར་ཕེབས་པར་འཚམས་འདྲི་དང་སྦྲགས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་ལས་དོན་གནང་ཕྱོགས། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། གྲོས་ཚོགས་ཀྱི་ཚོགས་ཆུང་ཁག སྤྱི་འཐུས་རྒྱུན་ལས་ཀྱི་ལས་དོན་གནང་ཕྱོགས་བཅས་ངོ་སྤྲོད་གནང་རྗེས། སྐུ་ཚབ་ཚོགས་ཆུང་སྣེ་འཁྲིད་གནང་མཁན་སྐུ་ཞབས་སི་ར་ས་ཧ་བྷིབ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐོར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞེས་དང་། ཁོང་རྣམས་ད་རེས་ཐེ་བའི་བཞུགས་སྒར་དུ་ལོ་གཉིས་ནང་ཐེངས་གསུམ་ཕེབས་ཐུབ་པ་བྱུང་ཡོད་སྐོར་དང་།

ད་ལྟའི་སྐུ་ཚབ་ཚོགས་ཆུང་ནང་ཆབ་སྲིད་དང་། ཁྲིམས་ལུགས། སྨན་པའི་ལས་རིགས། ཚོང་ལས། ཤེས་ཡོན། གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱི་འགོ་ཁྲིད་ཡོད་པ་དང་། ལྷག་པར་དུ་བྱམས་བརྩེ་ལག་བསྟར་བྱེད་རྒྱུ་དང་། བཟང་སྤྱོད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་སློབ་ཕྲུག་དྲུག་དྲག་འདེམས་ཀྱིས་སྐུ་ཚབ་ནང་ཕེབས་ཡོད་སྐོར། གཞན་ཡང་བཞུགས་སྒར་དུ་ཕེབས་དོན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་དང་མཇལ་འཕྲད་ཀྱིས་གཙོ་བོ་བྱམས་བརྩེ་གཙོ་བོར་འགྱུར་བའི་བོད་མིའི་རིག་གཞུང་བརྒྱུད་བྱམས་བརྩེའི་སྐོར་གོ་རྟོགས་ཡོང་རྒྱུར་བཅར་བ་ཡིན་སྐོར་སོགས་གསུངས་གནང་རྗེས།

ཁོང་རྣམ་པས་བོད་ནང་ཡོད་པའི་བོད་མི་ཚོས་སྤྱི་འཐུས་རྣམ་པ་འོས་བསྡུ་བྱེད་ཐུབ་ཀྱི་མེད་དུས་སྤྱི་འཐུས་ལྷན་ཚོགས་ནས་བོད་ཕྱི་ནང་གཉིས་ཀྱི་ངོ་བོ་ཇི་ལྟར་མཚོན་ཐུབ་ཀྱི་ཡོད་པ་དང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས། གྲོས་ཚོགས་ངོས་ནས་ཉིན་རེའི་ལས་དོན་ནང་བྱམས་བརྩེ་དང་བཟང་སྤྱོད་ལག་ལེན་ཇི་ལྟར་གནང་ཐུབ་ཀྱི་ཡོད་མེད། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ཡོང་ཁུངས་གང་ཡིན་པ། བོད་མིའི་སྒྲིག་འཛུགས་དང་རྒྱ་གར་གཞུང་མཉམ་འབྲེལ་ལམ་སྐོར། ཁོང་ཚོའི་སྤྱི་ཚོགས་ནང་བྱམས་བརྩེ་ཇི་ལྟར་གོང་སྤེལ་གནང་དགོས་པ་སོགས་ཀྱི་དྲི་བ་གནང་བར་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་དང་།

གཞན་ཡང་སྤྱི་འཐུས་རྣམ་པས་ཁོང་རྣམས་ཨ་རི་ནས་འདིར་ཕེབས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འཛམ་གླིང་རྒྱལ་ཁབ་མང་པོ་ཡོད་པའི་ནང་ནས་ཨ་རིའི་གཞུང་མང་གཉིས་ནི་བོད་མིའི་ཆབ་སྲིད་དང་། དཔལ་འབྱོར་སོགས་ལ་རྒྱབ་སྐྱོར་གནང་མཁན་ཤུགས་ཆེ་ཤོས་ཤིག་ཡིན་སྟབས། ཁོང་རྣམས་འདིར་ཕེབས་པར་དགའ་ཚོར་ཆེན་པོ་བྱུང་སྐོར་དང་། བོད་ནང་བོད་ཀྱི་དགོན་སྡེ་ཁག་ཏུ་ནང་ཆོས་སློབ་གཉེར་བྱེད་མི་བཅུག་པར་དམར་པོའི་ལྟ་བ་བསླབ་ཀྱི་ཡོད་པ་སོགས་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་།  རྒྱ་ནག་གཞུང་གིས་ངན་བྱུས་གཏིང་ནས་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་སོགས་ལ་བོད་དོན་སྐོར་འགྲེལ་བཤད་ལོག་པ་རྒྱག་བཞིན་ཡོད་དུས་ཁྱེད་རྣམ་པར་དེ་འདྲ་ཡོང་སྲིད་པས། འབྱུང་འགྱུར་བོད་པའི་འཐབ་རྩོད་ནི་དྲང་བདེན་གྱི་འཐབ་རྩོད་ཡིན་པར་ངོས་འཛིན་གྱིས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་དང་། ༸གོང་ས་མཆོག་གི་རྒྱུན་དུ་བཀའ་སློབ་ཕེབས་པ་གཞིར་བཟུང་།  རྣམ་པ་ཚོས་དཔལ་ན་ལེཎྜ་ནས་དར་བའི་ནང་པའི་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་བྱེད་ཐུབ་ན་ཕན་ཐོགས་ཆེ་ཚུལ་དང་། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་བཅས་ལ་རྒྱབ་སྐྱོར་དང་ཐུགས་སྣང་ཡོང་བར་འབོད་སྐུལ་བཅས་ཞུས་ཟིན་རྗེས། སྐུ་མགྲོན་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཕྱག་རྟགས་ཤིག་ཕུལ་བ་དང་།

དེ་ནས་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཁོང་རྣམས་ལ་དྲན་རྟེན་ཕྱག་རྟགས་ཤིག་ཕུལ་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད་པ་བཅས། །

Share with your friends










Submit