ཟླ་བ་ ༡༡ ཚེས ༢༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༡༡ ཚེས་ ༢༨ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ཉིན་བོད་མིའི་ཆོས་ཚོགས་ཐེངས་བཅུ་བཞི་པའི་ཐོག་འཁོན་རིགས་བསྟན་པའི་མངའ་བདག་ས་སྐྱ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས་གསུང་དོན། དགེ་འདུན་པ་ཚོ་དགོན་པའི་ནང་ལ་བཞུགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ནི་སྨྲོད་མེད་རེད། ལྷགཔར་དུ་སློབ་གཉེར་གནང་དགོས་པ་དེ་བས་གལ་ཆེ། འོན་ཀྱང་དུས་སྐབས་གཉན་འཕྲང་ཅན་འདི་འདྲ་ཞིག་སྐབས་དགེ་འདུན་པ་མང་པོ་ཞིག་དགོན་པའི་ནང་བཞུགས་མ་ཐུབ་པའི་གནས་སྟངས་ཡོང་བཞིན་འདུག  དེར་བརྟེན་ཐབས་ལམ་ཇི་འདྲ་ཞིག་ཐོག་ནས་དེ་འགོག་ཐབས་སམ་ཡང་ན་ཉུང་དུ་གཏོང་ཐབས་ཐོག་ལ་བཀའ་བསྡུར་ལྷུག་པོ་གནང་དགོས་པ་དེ་གལ་ཆེན་པོ་ཆགས་འདུག  སྤྱིར་དགོན་པའི་ནང་དགེ་འདུན་པ་བཞུགས་མ་ཐུབ་པ་དེ་གཙོ་བོ་སོ་སོ་རང་ཉིད་ལ་རག་ལས་ཡོད། 

འོན་ཡང་སྐབས་རེ་ཕ་མ་ཚོས་ཁྱིམ་དུ་དཀའ་ངལ་འཕྲད་སྐབས་དགེ་འདུན་པ་ཚོ་དགོན་པ་ནས་འཐེན་ནས་ཁྱིམ་དུ་ལས་ཀ་བྱེད་དུ་བཅུག་པ་དེ་འདྲང་ཡོང་བཞིན་ཡོད་སྟབས། ཁྱིམ་པའི་སློབ་གྲྭའི་ནང་དགེ་རྒན་ཕ་མའི་ཐུག་འཕྲད་བྱེད་སྲོལ་ཡོད་པ་ལྟར་དགོན་པ་ནས་དགེ་འདུན་པའི་ཕྱིར་འཐེན་བྱེད་མཁན་ཕ་མ་ཚོ་དང་དགོན་པའི་ལས་སྣེ་ཕན་ཚུན་ཐུག་འཕྲད་ཀྱིས་ཕན་ཚུན་བསམ་ཚུལ་བརྗེ་ལེན་གྱི་གོ་སྐབས་ལྟ་བུ་ཞིག་སྐྲུན་ཐུབ་པ་ཡིན་ན།  དེ་བརྒྱུད་ཕ་མ་ཚོར་ཀྱང་སློབ་གསོ་སྤྲད་ནས་དེ་རིགས་གང་ཉུང་ཡོང་ཐབས་གནང་གལ་ཆེ། ཞེས་སོགས་གསུངས། 

ཞྭ་སེར་བསྟན་པའི་གཙུག་རྒྱན་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༤ བློ་བཟང་བསྟན་འཛིན་མཆོག་གིས་གསུང་དོན།   ང་ཚོའི་ངོས་ནས་བླང་དོར་ཕྱིན་ཅི་མ་ལོག་པ་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སོ་སོའི་ངོས་ནས་བོད་བསྟན་པ་ཆབ་སྲིད་སླར་གསོའི་དོན་དུ་སྒེར་ལ་ནུས་པ་ཇི་ཙམ་ཡོད་པ་ཐམས་སྤྱི་ལ་སྤུངས་ཐུབ་པ་ཞིག་དང་། ང་ཚོ་བྱེས་སྦྱོར་ཚང་མས་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཐོག་ནས་ལས་དོན་སྤེལ་བ་ཡིན་ན་ལས་དོན་མཐའ་དག་འགྲུབ་རྒྱུ་རེད། ཅེས་སོགས་གསུངས།

སྐྱབས་རྗེ་སྨན་རིའི་ཁྲི་འཛིན་ ༣༤ པ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་མཆོག་གིས་གསུང་དོན།  དེ་སྔོན་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གངས་ཅན་བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་ཚང་མ་ལྷན་གཅིག་ཏུ་འཛོམས་ནས་བགྲོ་གླེང་དང་ཕན་ཚུན་དགོངས་ཚུལ་བརྗེ་ལེན་ཐོག  དམ་ཚིག་འོ་ཆུ་གཅིག་སྒྲིལ་དང་། ཕན་ཚུན་དག་སྣང་བཅོས་མིན་དུ་འཕེལ་བ་ནི།  སྤྱི་ནོར་༸གོང་ས་ཆེན་པོ་༸རྒྱལ་བའི་དབང་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་དང་། ཡང་དག་པའི་ལམ་སྟོན་དབུ་ཁྲིད་འོག  ཆོས་བརྒྱུད་རིས་མེད་ཀྱི་དབུ་ཁྲིད་བླ་ཆེན་གོང་མ་རྣམས་དང་རིས་མེད་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་རེད། 

མ་འོངས་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་གྱི་དགོངས་པ་གཞིར་བཟུང་ཤར་སྐྱོད་བྱ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ཅེས་ཞུ་རྒྱུ་ཡིན།  དེ་ན་རང་རང་གི་ཆོས་བརྒྱུད་གང་ཡིན་པ་དེར་སློབ་གཉེར་དང་། ཉམས་ལེན་སོགས་ལ་འབད་དེ་རང་ལུགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་བའི་ཐོག་ཆོས་བརྒྱུད་གཞན་ལའང་དག་སྣང་དང་བརྩི་བཀུར་ཞུ་རྒྱུ་གལ་ཆེན་པོ་མཐོང་བཞིན་ཡོད། ཅེས་སོགས་གསུངས། 

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས། ང་ཚོ་རྐྱེན་ཞིག་འོག་ནས་བཙན་བྱོལ་དུ་འབྱོར་ཡོད་ཀྱང་རྐྱེན་ངན་གྲོགས་ཤར་ལྟ་བུ་ཞིག་ཐོག་ནས་ནང་པའི་ཆོས་དང་རིག་གཞུང་འཛམ་བུ་གླིང་ལ་དར་ཐུབ་ཡོད།  སྔ་མོ་ཡིན་ན་ཁུག་ཁུག་གཅིག་ནང་ལུས་ནས་དེ་ཙམ་མི་ཤེས་པ་མ་ཟད། བོད་པ་ཟེར་བའི་མིང་ཙམ་ཡང་ཤེས་ཀྱི་མེད། དེང་སྐབས་བོད་པ་ཟེར་དུས་འཛམ་གླིང་ནང་མི་ཤེས་མཁན་མེད། གྲྭ་པ་མཐོང་བ་དང་ཏཱ་ལའི་བླ་མ་ཟེར་བ་རེད། དེར་བརྟེན་ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་དེ་འཛམ་གླིང་ཕྱིར་སླེབས་པ་ཙམ་དུ་མ་ཟད། ཆོས་བརྒྱུད་ཁག་གི་དབུ་འཛིན་རྣམ་པས་སྐུ་ངལ་ཁྱད་གསད་ཐོག་ནས་བསྟན་པ་བཤད་སྒྲུབ་གཉིས་ཐོག་འབད་བརྩོན་གནང་ནས་འགའ་ཤས་ད་ཆ་མི་རབས་གཉིས་པའི་ཐོག་ཕེབས་བཞིན་ཡོད། ཕྱི་རྒྱལ་ཁག་ཏུའང་བོད་པའམ་བོད་ཀྱི་རིག་གཞུང་འདི་རྩ་བ་ཚུགས་ཚར་བ་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད།  ཅེས་སོགས་གསུངས།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྐྱབས་རྗེ་གོ་ཤྲཱི་མཚུར་ཕུ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས།  ལུགས་གཉིས་མཁྱེན་པའི་མངའ་བདག་ཚོས་མ་འོངས་པ་ཟེར་བ་དེ་ཧ་ཅང་གནད་འགག་ཆེན་པོར་བརྩི་གནང་བ་རེད།  འབྱུང་འགྱུར་ལོ་ངོ་བརྒྱ་ཕྲག་སྟོང་ཕྲག་ལ་བསམ་བློ་བཏང་བ་རེད། ང་ཚོ་བོད་ཀྱི་གྲུབ་ཐོབ་ཁག་གཅིག་གིས་མ་འོངས་པ་ཡོང་རྒྱུ་ཡིན་སྟབས་བཟོ་ལྟ་ཇི་འདྲ་བཟོ་མིན་ང་ཚོའི་ལག་ཏུ་ཡོད་པ་གསུངས་ཡོད། འདས་པ་སོང་ཚར་བ་ཡིན་སྟབས་བྱ་ཐབས་གང་ཡང་མེད།  མ་འོངས་པ་གང་བྱས་མིན་ད་ལྟ་དབང་ཆ་ཡོད་པ་གསུངས་ཡོད། ད་ལྟ་གྲ་ཡག་པོ་བསྒྲིགས། བླང་དོར་ཡག་པོ་བྱས་པ་ཡིན་ན་མ་འོངས་པར་ཡག་པོ་ཡོང་གི་རེད། ད་ལྟ་བསམ་བློ་རྒྱ་ཆེན་པོ་བཏང་མ་ཐུབ།  བསམ་བློ་མིག་རྒྱང་ཐུང་ཐུང་བྱས། གྲ་ཡག་པོ་བསྒྲིགས་མ་ཐུབ་ཚེ་མ་འོངས་པར་བར་ཆད་སོགས་ལ་བརྟེན་ནས་བསམ་དོན་མ་བསྒྲུབ་པ་དེ་རིགས་ཡོང་རྒྱུ་རེད།

༸སྐུ་མདུན་ཡིད་བཞིན་ནོར་བུས་བཀའ་གནང་བ་ལྟར་ང་ཚོས་ཚོགས་འདུ་ཚོགས་པ་རེད།  བོད་ཀྱི་གྲུབ་ཐོབ་གོང་མས་གསུངས་པ་ལྟར་མ་འོངས་པའི་དོན་དུ་ད་ལྟ་ནས་བསམ་བློ་རྒྱ་ཆེན་པོ་གཏོང་དགོས་པ་རེད། བསྟན་པ་ཡུན་རིང་དུ་གནས་དགོས་པ་རེད།  ༸སྐུ་མདུན་ཡིད་བཞིན་ནོར་བུའི་མཛད་འཕྲིན་ཡུན་རིང་དུ་གནས་དགོས་པ་རེད། ཅེས་སོགས་གསུངས།

སྔ་འགྱུར་རྙིང་མའི་བླ་ཆེན་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ་མཆོག་གིས།  ཚོགས་འདུ་འཚོགས་པའི་སྐབས་དུས་ཚོད་ཐུང་ཐུང་ཞིག་རེད་འདུག འོན་ཀྱང་དགོན་པ་གྲྭ་ཚང་ཁག་གི་སྐུ་ཚབ་མང་པོ་ཞིག་ཕེབས་ཡོད།  དེ་དག་སོ་སོའི་ནང་འཛིན་སྐྱོང་གནང་སྐབས་དཀའ་ངལ་མང་པོ་ཞིག་ཡོད།   སྤྱིར་བཏང་དཀའ་ངལ་དེ་དག་ཚོགས་འདུ་སོ་སོའི་ནང་ཁ་གསལ་དོན་བསྡུས་ཐོག་ནས་བཤད་དགོས་པ་མ་ཟད། དཀའ་ངལ་དེ་དག་སེལ་ཐབས་སྐོར་ལའང་གསུངས་དགོས་པ་རེད། དེ་མིན་ཚོགས་འདུའི་སྐབས་དཀའ་ངལ་རྒྱས་ཐག་ཆོད་བཤད། དཀའ་སེལ་གྱི་ཐབས་ལམ་འདི་ཡིན་ཞེས་ཁ་གསལ་བཏོན་རྒྱུ་གང་ཡང་མེད་ཚེ་ཚོགས་འདུ་གྲོལ་རྗེས་གྲུབ་འབྲས་དམིགས་བསལ་གང་ཡང་བཏོན་རྒྱུ་མེད་པ་ཞིག་ཆགས་ཚེ་ཚོགས་འདུར་བཅར་ནས་ཕན་ཐོགས་མ་བྱུང་བ་རེད། འདིར་བོད་མིའི་སྒྲིག་འཛུགས་ངོས་ནས་ཞལ་ལག་སོགས་གང་ས་ཅི་ཐད་ནས་གོ་སྒྲིག་ཧ་ཅང་ཚགས་ཚུད་གནང་འདུག  ཚོགས་འདུའི་སྐབས་དགོན་སྡེ་གྲྭ་ཚང་ཁག་ནས་ཕེབས་པའི་དགོངས་འཆར་རྣམས་ལ་དགོན་སྡེ་རང་ཉིད་གཅིག་པུར་འགན་ཡོད་པ་ལྟ་བུ་མིན་པ་དང་།  ཆོས་རིག་ལས་ཁུངས་ནས་ཀྱང་དགོངས་འཆར་རྣམས་ཚིག་ཐོ་བཀོད་པ་ཙམ་དུ་མ་ལུས་པར། མཇུག་སྐྱོང་ལག་བསྟར་ཆེད་རྒྱབ་སྐྱོར་གནང་ཚེ་ཕན་ཐོགས་ཆེན་པོ་ཡོང་ངེས། ཞེས་གསུངས།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྐྱབས་མགོན་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ་མཆོག་གིས། སོ་སོའི་ཐུན་མིན་གཞུང་དང་མན་ངག་དེ་དག་ཆོས་བརྒྱུད་ཚང་མའི་བླ་མ་བསྟེན་ནས་ཞུ་དགོས་པ་ལྟ་བུ་མཐོང་གི་འདུག དེ་ལྟར་ཆོས་བརྒྱུད་རིས་མེད་ཀྱི་ཉམས་བཞེས་གནང་ཐུབ་པ་བྱུང་ན་ཧ་ཅང་ཡག་པོ་རེད། འོན་ཀྱང་དེང་སྐབས་དུས་ཚོད་ཀྱིས་རྐྱེན་པས་དེ་ལྟར་མ་ཐུབ་ནའང་རང་རང་སོ་སོའི་ཆོས་བརྒྱུད་དེ་ལ་ཐུན་མིན་གཞུང་གི་བཤད་པ་དེ་འདྲ་ཞིག་འདུག  སྒྲུབ་པ་ཉམས་ལེན་ཡིན་ནའང་དམིགས་བསལ་མཐོང་བ་བརྒྱུད་པའི་མན་ངག་དེ་འདྲ་ཞིག་འདུག  དེ་མཚུངས་ཆོས་བརྒྱུད་གཞན་ལའང་དེ་ལྟ་བུ་ཡོད་རེད་བསམ་པ་དྲན་ནས་གཅིག་གིས་གཅིག་ལ་གུས་བརྩི་ཞུ་ཡག་གལ་ཆེན་པོ་རེད། ལྷག་པར་དེང་སྐབས་༸རྒྱལ་བ་རིན་པོ་ཆེས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཐོག་རླབས་ཆེན་གྱི་མཛད་རྗེས་རྣམས་ཡོངས་རྫོགས་བདག་ལྟ་བུ་གང་ཟག་ཕལ་པ་ཞིག་གིས་རྟོགས་པར་དཀའ་ཡང་། རང་གིས་ཅི་ནུས་ཉམས་ལེན་ཚུལ་བཞིན་ཡོང་ཐབས་ལ་འབད་ཚེ་བླ་མ་མཉེས་པའི་མཆོད་པ་ཟེར་ནའང་འདྲ།  སྐུ་ཚེ་བརྟན་པའི་ཞབས་རིམ་ཟེར་ནའང་དེ་རང་གི་ཐོག་ནས་ཡོང་གི་རེད།  ཅེས་སོགས་གསུངས།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་སྟག་ལུང་ཞབས་སྤྲུལ་རིན་པོ་ཆེའི་སྐུ་ཚབ་སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་མཆོག་གིས། དགོན་པ་དང་བླ་མ། ཆོས་བརྒྱུད་བཅས་ཀྱི་ཕན་ཚུན་དབར་འབྲེལ་བ་བཟང་དུ་གཏོང་རྒྱུའི་ཐབས་ལམ་ཇི་འདྲ་ཞིག་དགོས་སྐོར་གྱི་ཐོག་ལ་དགོངས་འཆར་ལྷུག་པོ་གནང་དགོས་རྒྱུར་དགོངས་པ་བཞེས་དགོས། དགོངས་འཆར་ཕེབས་པ་ཙམ་མ་ཟད། དེའི་ཐོག་ལ་ཕྱག་ལས་གནང་དགོས་པ་ནི་ཧ་ཅང་གལ་ཆེན་པ་རེད།  སོ་སོའི་རྩ་བའི་ཆོས་བརྒྱུད་ཐོག་སོ་སོས་སྦྱང་བརྩོན་བྱེད་ཀྱི་ཡོད་པ་དང་། བཤད་སྒྲུབ་ལས་གསུམ་གྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་གི་རེད། འོན་ཀྱང་ཆོས་བརྒྱུད་གཞན་རྣམས་ལ་གལ་ཆེར་མ་བརྩིས་པ་ཡིན་ན་མ་འགྲིག་པ་རེད། 

ཆོས་བརྒྱུད་ནང་ཕན་ཚུན་ལྟ་གྲུབ་སྐོར་ལ་སྦྱང་བརྩོན་གནང་དགོས་ཀྱི་ཡོད། དེའི་ཐོག་སློབ་སྦྱོང་གི་མཐུན་འགྱུར་དེ་དགོན་སྡེ་གྲྭ་ཚང་དང་ཆོས་བརྒྱུད་སོ་སོས་བསྐྲུན་དགོས་པ་དང་། དེ་རིང་ཆོགས་ཚོགས་སྐབས་དེའི་ཐོག་ལ་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་བླ་ཆེན་རྣམས་ལྷན་འཛོམས་ཀྱིས་བསམ་བློའི་ཁ་ཕྱོགས་སྟོན་དགོས། གནས་ཚུལ་དེ་ལྟ་བུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན། 

ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཕྱིར་ང་ཚོ་སྤྱི་སྒེར་ཚང་མས་ཞབས་བརྟན་གསོལ་འདེབས་ཞུས་དང་ཞུ་མུས་རེད། འོན་ཀྱང་བླ་མ་མཉེས་པའི་མཆོད་པ་དེ་གཙོ་བོ་སྒྲུབ་པའི་མཆོད་པ་རེད།  བླ་མའི་སྐུ་ཚེ་བརྟན་པ་དེའང་སྒྲུབ་པ་ཉམས་ལེན་ལ་རག་ལས་ཡོད། མགོན་པོ་མཆོག་རང་ཉིད་ནས་ཀྱང་ཕན་ཐོགས་ཡོད་ན་སྐུ་ཚེ་ཡུན་རིང་བཞུགས་རྒྱུ་དང་ཕན་ཐོགས་མེད་ཚེ་སྐུ་ཚེ་ཡུན་རིང་བཞུགས་ཀྱང་དགོས་པ་ཆེར་མེད་པའི་བཀའ་སློབ་སྩལ་ཡོད།   བཀའ་སློབ་དེ་དག་ཐོག་ང་ཚོས་བསམ་བློ་གཏོང་དགོས། ༸རྒྱལ་བའི་བཀའ་སློབ་ཡོངས་སུ་རྫོགས་པ་བསྒྲུབས་ཟེར་བ་ཧ་ཅང་དཀའ་ལས་ཁག་པོ་རེད། འོན་ཀྱང་རང་གི་ལུས་ངག་ཡིད་གསུམ་གྱི་གང་ནུས་པ་གང་ཡོད་ཐོག་བཀའ་དགོངས་བསྒྲུབ་ཐབས་ལ་གཞུང་མང་གཉིས་ཀས་འབད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་གསུངས།

 

   

Share with your friends










Submit