གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༥ རེས་གཟའ་མིག་དམར།

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༧ བར་ཉིན་གྲངས་ ༤ རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་ཀ་སྦུག་ས་གནས་སུ་ནང་སྲིད་ལས་ཁུངས་ཁྱབ་ཁོངས་རྒས་གསོ་ཁང་ཁག་ ༡༤ འགན་འཛིན་དང་ལས་བྱེད་བཅས་ཁྱོན་མི་གྲངས་ ༢༠ ཙམ་ལ་རྒས་གསོ་ཁང་གི་འཛིན་སྐྱོང་སྤེལ་གསུམ་ཚགས་ཚུད་དང་བྱམས་བརྩེ་གོང་སྤེལ་གཏོང་ཕྱོགས་སྐོར་ཟབ་སྦྱོང་ཞིག་བསྐོང་ཚོགས་གནང་ཡོད།

དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཀ་སྦུག་ས་གནས་འགོ་འཛིན་དང་། ནང་སྲིད་ལས་ཁུངས་ཀྱི་ཟུང་དྲུང་བཀྲིས་བདེ་སྐྱིད་ལགས། ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན༌། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་སློབ་གྲྭའི་བོད་རིགས་སློབ་སྤྱི། དགོན་སྡེ་ཁག་གི་སྐུ་ཚབ། ས་གནས་གཞོན་ནུ་དང་བེུད་ཚོགས་གཙོ། ཆོལ་གསུམ་ཚོགས་གཙོ་དང་ཡན་ལག་སྨན་རྩིས་ཁང་གི་སྨན་པ་བཅས་ངོ་ཕེབས་གནང་ཡོད།

སྐབས་དེར་ཟུང་དྲུང་བཀྲིས་བདེ་སྐྱིད་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་སོགས་ངོ་སྤྲོད་གསུང་བཤད་དང༌། སྐུ་མགྲོན་གཙོ་བོ་ཀ་སྦུག་ས་གནས་འགོ་འཛིན་གྱིས་སྦྱོང་བརྡར་དང་འབྲེལ་བའི་གསུང་བཤད་གནང་ཡོད། ད་བར་ཀ་སྦུག་རྒས་གསོ་ཁང་ལ་ལྷག་བསམ་ཟོལ་མེད་ཐོག་དྭང་བླངས་ཞབས་ཞུ་དང་མཐུན་འགྱུར་རོགས་རམ་གནང་མཁན་མཁས་དབང་སྐུ་ཞབས་བྱམས་པ་སྐལ་ལྡན་མཆོག་དང་སྨན་པ་བློ་བཟང་དོན་གྲུབ་ལགས་རྣམ་གཉིས་ལ་ཡི་རངས་བསྔགས་བརྗོད་ཞུས།

ཉིན་གྲངས་བཞིའི་རིང་ཟབ་སྦྱོང་སྐབས་ཁུལ་དེའི་རྒས་གསོ་ཁང་དང་འབྲེལ་བའི་མཁས་དབང་མི་སྣ་མགྲོན་འབོད་ཀྱི་བརྗོད་གཞི་འདྲ་མིན་ཐོག་གཏམ་བཤད་གནང་རྒྱུ་དང༌། མི་རབས་རྒན་པ་རྣམས་ནས་བོད་སྤྱི་པའི་དོན་དུ་སྐུ་ངལ་སྐྱོན་པར་ཆེ་མཐོང་ཡོང་ཆེད་ལམ་སྟོན་སློབ་གསོ་ཡོང་བ་ཞུས། ལྷག་དོན་དེང་དུས་དང་མཐུན་པའི་ལས་བྱེད་རྣམས་ལ་བྱམས་བརྩེ་མཚོན་པའི་ལས་དོན་ཞུ་སྒོ་ཁག་ཚགས་ཚུད་གཏོང་སླད་ཟབ་སྦྱོང་ཐེངས་དང་པོ་གོ་སྒྲིག་ཞུས་ཡོད་པ་དང༌། མ་འོངས་པར་དེ་དང་འདྲ་བའི་ཟབ་སྦྱོང་མུ་མཐུད་གོ་སྒྲིག་ཞུ་འཆར་ཡོད་པ་བཅས། །

Share with your friends










Submit