ཟླ་བ་ ༡༡ ཚེས ༡༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༢༠ ཙམ་ལ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སྦན་ཌ་རུ་ དཏྟ་ཏྲེ་ཡ་  Shri.Bandaru Dattatreya,Governor of Himachal Pradesh མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པར་འཚམས་འདྲི་དང་སྦྲགས། གསུང་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ད་བར་ཕྱི་ནང་གི་སྐུ་མགྲོན་མང་པོ་སྣེ་ལེན་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་སྣེ་ལེན་ཞུ་རྒྱུའི་གོ་སྐབས་བྱུང་། ད་རེས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། མཁས་དབང་ཡིན་པ་མངའ་སྡེའི་སྲིད་སྐྱོང་མཆོག་དངོས་སུ་མཇལ་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་། སྤྱིར་བཏང་མངའ་སྡེའི་སྲིད་སྐྱོང་མཆོག་གིས་དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། འཛིན་སྐྱོང་བཀའ་ཤག་ལྷན་རིམ་པས་མཇལ་འཕྲད་གནང་ཟིན་སྟབས། ངས་དམིགས་བསལ་བོད་ཀྱི་རྩ་དོན་དང་གནད་དོན་ཐོག་ཞིབ་ཕྲ་ཞུ་མི་དགོས་པ་ཞིག་ལ་ངོས་འཛིན་ཞུ་གི་ཡོད།

བོད་ཀྱི་གནད་དོན་དེ་ལོ་ངོ་ ༦༠ རིང་འཛམ་གླིང་ཡོངས་ཁྱབ་ཆགས་ཐུབ་པ་བྱུང་ཡོད་པ་དང་། དེའང་གཙོ་བོ་༸གོང་ས་མཆོག་གི་ཡང་དག་པའི་དབུ་འཁྲིད་ལམ་སྟོན་དང་། རྒྱ་གར་གཞུང་མང་གཉིས་གཙོ་བོར་འགྱུར་བའི་འཛམ་གླིང་ཡུལ་གྲུ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས་བྱུང་བ་ཞིག་རེད། དཔེར་ན་ད་བར་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་འཚོགས་ཐུབ་པ་མ་ཟད། དེའི་ཐོག་བོད་དོན་དང་འབྲེལ་བའི་གྲོས་ཆོད་ཀྱང་མང་པོ་བཞག་ཡོད། དེ་བཞིན་བོད་མི་ཚོར་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནི་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན། དེ་ཡང་བཞུགས་སྒར་རྡ་སར་༧གོང་ས་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། གཞན་ཡང་མངའ་སྡེའི་ནང་བོད་མིའི་སློབ་གྲྭ་གྲངས་ ༡༧ དང་། གཞིས་ཆགས་ཁག་ ༡༤། དགོན་སྡེ་ཁག་ ༥༢ ཙམ། རིག་གཞུང་བསྟི་གནས་ཁང་ ༥ བཅས་ཡོད་པ་ཚང་མ་ཚགས་ཚུད་ངང་འཛིན་སྐྱོང་གནང་བཞིན་ཡོད།

བོད་ནང་ཆ་བཞག་ན། བོད་མི་དགུང་ལོ་ ༡༥ ཡན་གྱིས་བོད་ཀྱི་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་ཕུལ་ཏེ། བོད་ཀྱི་སྐད་ཡིག་སྐྱོབས། བོད་ཀྱི་རིག་གཞུང་སྐྱོབས། ༸གོང་ས་མཆོག་གང་མགྱོགས་བོད་ནང་གདན་ཞུ་གནང་དགོས་ཞེས་འབོད་སྒྲ་སྒྲོག་སྟེ་རྒྱ་ནག་སྲིད་གཞུང་ལ་གདོང་ལེན་བྱེད་ཀྱི་ཡོད། ང་ཚོ་སྤྱི་འཐུས་ནང་ལ་ཆ་བཞག་ན། ཆུང་བྱིས་པའི་དུས་ནས་བོད་ནང་འཚར་ལོངས་བྱས་ཏེ་རྒྱ་ནག་དམག་པོའི་གདུག་རྩུབ་མནར་གཅོད་ལ་སོགས་དངོས་སུ་གཟིགས་ནས་ཕྱི་ལོ་ ༡༩༩༠ ནང་བཙན་བྱོལ་དུ་ཕེབས་བསྡད་པ་དེ་འདྲ་ཡོད། ད་ལྟའི་དུས་ཚོད་ལ་བལྟས་པ་ཡིན་ན། བོད་ཕྱི་ནང་གཉིས་ཀྱི་ནང་གཙོ་བོ་མི་ཐོག་གསུམ་པས་བོད་ཀྱི་བདེན་མཐའ་གསལ་ཐབས་སླད་འཐབ་རྩོད་ཀྱི་སྣེ་འཁྲིད་བཞིན་ཡོད། སྐུ་ཉིད་ནས་བཀའ་སློབ་ལམ་སྟོན་དང་། མ་འོངས་པར་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་བ་དང་།

ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་རྒྱ་གར་ནང་ཡོད་པའི་བོད་མི་ཙམ་མིན་པར། འཛམ་གླིང་གང་སར་གནས་པའི་བོད་མི་ཡོངས་ཀྱི་གྲོས་ཚོགས་ཤིག་ཡིན་སྐོར་དང་། བོད་རྒྱལ་ཁབ་ཤོར་ནས་བོད་མི་ཚོ་ཕྱི་ལོགས་སུ་གནས་ཡོད་ཀྱང་། བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་སོགས་མུ་མཐུད་རྒྱུན་གནས་ཐུབ་པར་བསྔགས་བརྗོད་དང་། བོད་ཀྱི་གནད་དོན་རྒྱལ་སྤྱིའི་གནས་བབ་ཅིག་ཆགས་པར་དགའ་སྤྲོ་བྱུང་སྐོར། དེ་བཞིན་ཉིན་གསུམ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་བའི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་བ་དེ་ནི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་མ་ཟད། དེ་འཛམ་གླིང་གང་སར་ཁྱབ་རྒྱུ་ཡིན་སྐོར།

གཞན་ཡང་དེ་རིང་སྔ་དྲོ་༸གོང་ས་མཆོག་མཇལ་ཁ་ཐོབ་པ་དང་། སྐབས་དེར་༸གོང་ས་མཆོག་གིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་པའི་འཚེ་བ་མེད་པ་ Ahimsa དང་།  སྙིང་རྗེའི་ Karuna སྐོར་ཞིབ་རྒྱས་དང་། རྒྱ་གར་སློབ་གྲྭ་ཁག་གི་ནང་དེང་དུས་ཤེས་ཡོན་མཉམ་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་སེམས་ཁམས་རིག་པའི་ལྟ་གྲུབ་སོགས་སློབ་འཁྲིད་བྱེད་ཐུབ་ན་དེང་དུས་ཀྱི་དཀའ་ངལ་མང་དག་ཅིག་སེལ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ་སོགས་བཀའ་སློབ་ཕེབས་སྐོར་དང་། དེ་བཞིན་སྐུ་ཞབས་ཁོང་ནས་ཀྱང་རྡ་རམ་ས་ལའི་སློབ་གྲྭ་ཁག་གི་ནང་དེ་ལྟར་ལག་ལེན་བསྟར་རྒྱུའི་ཐབས་ཤེས་བྱ་རྒྱུ་ཡིན་ཞེས་དང་། ཧི་མཱ་ཅལ་མངའ་སྡེ་ཡར་རྒྱས་དང་ཞི་བདེ་ལྷིང་འཇགས་ཡོད་པ་དེ་དག་ས་གནས་ཀྱི་ཡུལ་མི་ཙམ་མ་ཟད། བོད་མི་ཚོས་ཀྱང་གཅིག་མཚུངས་ཀྱི་ནུས་པ་འདོན་ཡོད་སྐོར། གཞན་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡིག་ཆ་ཕུལ་བ་ཁག་གཞིར་བཞག་པའི་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་དང་། བོད་དོན་བདེན་མཐའ་གསལ་རྒྱུའི་དམིགས་ཡུལ་ཡོད་པ་གཞིར་བཟུང་མ་འོངས་པར་ཏན་ཏན་གསལ་ཐུབ་ཀྱི་རེད་ཅེས་གསུངས་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲོམ་གཞི་དང་། གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་བཅས་ངོ་སྤྲོད་གནང་སོང་།

གཞན་ཡང་མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་མཆོག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ཐང་ཞིག་དང་། ཧིན་ཡིག་ཐོག་བསྒྱུར་བའི་བོད་ཀྱི་སྲིད་དོན་རྒྱལ་རབས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་ཆབ་སྲིད་དང་འབྲེལ་བའི་ཡིག་ཆ་ཁག་བཅས་ཕུལ་གནང་སོང་བ་བཅས། །

Share with your friends










Submit