གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ རེས་གཟའ་ཟླ་བ།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཞུགས་སྒར་ཕོ་བྲང་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་རྣམས་ལ་དམིགས་བསལ་མཇལ་ཁ་དང་བཀའ་སློབ་སྩལ་འདུག  དེ་ཡང་མགོན་པོ་མཆོག་གིས་ཐོག་མར་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་དང་འབྲེལ་བའི་བྱམས་བརྩེའི་སྐོར་དང་། ཆོས་ལུགས་མཐུན་སྒྲིལ། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་དང་བཅས་པའི་སྐོར་བཀའ་སློབ་སྩལ་བ་མ་ཟད། མགོན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པ་རྒྱ་གར་ནང་སྲོལ་རྒྱུན་ལེགས་བཤད་དཔལ་ནཱ་ལེནྡྲའི་སེམས་ཁམས་རིག་པ་དང་ལྟ་གྲུབ་རིག་པའི་རྣམ་གཞག་དང་འབྲེལ་བའི་ལེགས་བཤད་བསྐྱར་གསོ་གནང་ཐབས་མཛད་བཞིན་པའི་སྐོར་བཀའ་སློབ་སྩལ་འདུག

དེ་ཡང་བོད་དོན་དང་འབྲེལ་ནས་བཀའ་སློབ་སྩལ་དོན།  ད་ཆ་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་བོད་ཀྱི་སྐད་ཡིག་དང་ནང་ཆོས་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད། འོན་ཀྱང་ལོ་ངོ་བཅུ་ཕྲག་འགའ་ཤས་རྗེས་སུའང་རྒྱ་ནག་གཞུང་གིས་ཇི་ཙམ་དམ་བསྒྲགས་ཆེ་བ་བྱས་པ་དེ་ཚོད་ཀྱིས་བོད་མིའི་སྙིང་སྟོབས་ཆེ་རུ་འགྲོ་བཞིན་འདུག  བོད་མི་ཚོར་ཕ་མེས་ནས་བརྒྱུད་པའི་དཔལ་ནཱ་ལེནྡྲའི་ལེགས་བཤད་ཧ་ཅང་སྤུས་དག་པོ་ཞིག་ཡོད་སྟབས་དེ་ལ་བརྟེན་ནས་སེམས་ནང་སྤོབས་པ་ཡོད། རྒྱ་མི་རིགས་ཚོས་རང་གི་རྒྱལ་ཁབ་དང་རིག་གཞུང་ལ་གཅེས་འཛིན་ཡོད་པ་ལྟར་བོད་མི་ཚོར་ཡང་རང་གི་རྒྱལ་ཁབ་དང་རིག་གཞུང་ལ་དགའ་ཞེན་ཡོད། དེ་ནི་ཆོས་ཉིད་རེད། ད་ཆ་ལོ་ངོ་བདུན་ཅུ་སོང་ནའང་གཞིས་ལུས་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པའི་ངང་གནས་ཡོད་པ་མ་ཟད། མ་འོངས་པར་ཡང་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་མུ་མཐུད་གནས་རྒྱུ་ཡིན་པ་ངོས་ལ་བརྒྱ་ཆ་བརྒྱ་གདེང་ཚོད་ཡོད། 

ལོ་ཤས་གོང་པེ་ཅིང་ནང་སྡོད་མཁན་རྒྱ་རིགས་ངོས་ཤེས་གཅིག་ཡོད། ཁོང་རྒྱ་ནག་གི་རྐང་དམག་སྤྱི་ཁྱབ་ཡི་ཤེན་ཡིའི་ཕྲུ་གུ་དང་ངོ་ཤེས་རེད་འདུག  ཡི་ཤེན་ཡི་ངོས་དང་ངོ་ཤེས་རེད།  རྒྱ་རིགས་དེས་ངོས་ལ་བརྗོད་གསལ་དུ། ཡི་ཤེན་ཡིའི་བུ་དེ་བརྒྱུད་ཁོང་གིས་ཤེས་གསལ་ལ།  པེ་ཅིང་དུ་རྒྱ་རིགས་དཔོན་པོ་སོགས་ནང་ཚགས་འཛོམས་སྐབས་རྒྱ་ནག་གཞུང་གིས་བོད་ཐོག་ལོ་ངོ་བདུན་ཅུའི་རིང་འཛིན་པའི་སྲིད་བྱུས་དེར་ནོར་འཛོལ་བྱུང་ཡོད་པའི་སྐོར་བཤད་པ་དེ་འདྲ་བྱུང་འདུག  དེར་བརྟེན་ད་ཆ་རྒྱ་ནག་འགོ་ཁྲིད་ཚོས་བོད་ཐོག་སྲིད་བྱུས་རྒྱུ་མཚན་ལྡན་པ་ཞིག་བཟུང་དགོས་པའི་བསམ་འཆར་ཡོང་བཞིན་ཡོད་པ་རེད་འདུག དེར་བརྟེན་རྒྱ་ནག་འགོ་ཁྲིད་མཁྲེགས་འཛིན་པ་ཚོའི་ཁྲོད་བོད་ཐོག་སྲིད་བྱུས་ཇི་འདྲ་ཞིག་བཟུང་དགོས་པའི་ཐོག་ཅི་བྱ་གཏོལ་མེད་ལྟ་བུ་གྱུར་ཡོད་ཚོད་འདུག

གཞིས་བྱེས་བོད་མིའི་སྙིང་སྟོབས་ནམ་ཡང་མ་ཞུམ་པར་གནས་རྒྱུ་རེད། འདས་པའི་ལོ་ངོ་ ༦༠ རིང་རྒྱལ་སྤྱིའི་ཁྱོན་ནས་ཀྱང་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད།  གཞིས་ལུས་བོད་མི་ཚོས་དཀའ་ངལ་དེ་འདྲ་ཞིག་འོག་ཡོད་བཞིན་དུ་སྙིང་སྟོབས་མ་ཞུམ་པར་གནས་ཡོད་སྟབས། ང་ཚོ་འདིར་བོད་མི་བཙན་བྱོལ་བ་ཉུང་ཤས་ལས་མེད་པ་དེ་དག་རང་དབང་ལུང་པའི་ནང་ཡོད། དེར་བརྟེན་གོ་སྐབས་དེ་དག་ལོངས་སུ་སྤྱད་ནས་ངེས་པར་དུ་གཞིས་ལུས་བོད་མིའི་ཚབ་བྱེད་རྒྱུའི་འགན་ཡོད།  འཛམ་གླིང་ཕྱི་ནས་རྒྱབ་སྐྱོར་མུ་མཐུད་དགོས་པ་ཧ་ཅང་གལ་ཆེན་པོ་འདུག  དེར་བརྟེན་ངོས་ཀྱིས་བོད་མི་ས་ཡ་དྲུག་གི་ཚབ་བྱས་ནས་ཁྱེད་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། བོད་མིའི་ཆབ་སྲིད་འགོ་ཁྲིད་ཀྱི་འགན་དེ་ཕྱི་ལོ་ ༢༠༠༡ དང་། ལྷག་པར་ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ནས་བཟུང་ངོས་ཀྱིས་མཚམས་བཞག་པ་ཡིན། ད་ཆ་ཁོང་གིས་འགན་ཆ་ཚང་འཁྱེར་བཞིན་ཡོད།  མི་མང་གིས་འོས་བསྡུ་བྱས་ནས་བདམས་པ་རེད། ཆབ་སྲིད་ཐོག་ནས་ཁོང་ངོས་ཀྱི་དཔོན་པོ་རེད།

འོན་ཀྱང་ཆོས་ཕྱོགས་ཐོག་ནས་ངོས་རང་ཁོང་གི་དཔོན་པོ་ཡིན། ༼ བཞད་མོ་བཞད། ༽ མང་གཙོའི་ལམ་ལུགས་ལ་མཚོན་ན་ང་ཚོ་བོད་མི་བཙན་བྱོལ་བ་ཉུང་ཤས་ཡོད་པ་དེ་དག་གིས་མང་གཙོའི་རིང་ལུགས་ཚད་ལྡན་ཞིག་ལག་བསྟར་བྱེད་བཞིན་ཡོད། ང་ཚོས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་མང་གཙོའི་ལམ་ལུགས་ཐོག་ནས་རང་དབང་ལྡན་པའི་འོས་ཤོག་ཇི་ལྟར་འཕེན་དགོས་པའི་ལམ་སྟོན་བྱེད་ཆོག་པ་ལྟ་བུ་རེད། ༼ སླར་ཡང་བཞད་མོ་བཞད། ༽ ངོས་ཀྱི་འགན་ཁུར་གསུམ་པ་དེ་གོང་དུ་བརྗོད་པ་ལྟར་བོད་ཀྱི་ཆོས་དང་རིག་གཞུང་ཐོག་ཤུགས་རྒྱག་རྒྱུ་རེད། ཆབ་སྲིད་ནས་རྒས་ཡོལ་བྱས་ཟིན། ཆབ་སྲིད་ཧ་ཅང་རྙོག་དྲ་ཚ་པོ་རེད། དེེར་བརྟེན་རང་དོན་ཁོག་བཅུག་བྱས་ནས་རྒས་ཡོལ་ཞུས་པ་ཡིན། ༼ བཞད་མོ་བཞད། ༽  དུས་རབས་ ༧ དང་ ༨ པའི་སྐབས་བོད་ས་ཡོངས་རྫོགས་གཅིག་སྒྲིལ་བྱས་ནས་བསྡད་པ་རེད། དེ་ནས་གླང་དར་རྗེས་བོད་སིལ་བུར་ཐོར་བ་རེད།  སྟབས་བཟང་བ་ཟེར་དགོས་སམ་སྟབས་ངན་པ་ཟེར་དགོས། གང་ལྟར་ད་ཆ་ངོས་ཀྱི་མིང་འོག་ནས་བོད་མི་ས་ཡ་དྲུག་དམ་ཚིག་གཟོང་ཁ་གཅིག་སྒྲིལ་བྱས་ནས་བསྡད་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་འདུག །

Share with your friends










Submit