གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༨ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ དང་ ༡༥ བཅས་ཉིན་གྲངས་གཉིས་རིང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར།  དེང་སྐབས་རྒྱ་ནག་གཞུང་གིས་ཚད་མཐོའི་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་འོག་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བཞིན་པའི་གནས་སྟངས་ཐོག་བགྲོ་གླེང་ལྷན་ཚོགས་གནང་མཐར་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན།

 ཇི་ནི་ཝའི་ལྷན་ཚོགས་ཐོག་བཅར་བའི་ང་ཚོ་ཆེད་ལས་མི་སྣ་དང་དཔང་པོ་རྣམས་ཀྱིས་སེམས་འཚབ་ཧ་ཅང་ཐོག་ཞུ་རྒྱུར། 

 དེང་སྐབས་རྒྱ་ནག་གཞུང་གིས་ཚད་མཐོའི་རིག་གསར་འཕྲུལ་ཆས་ལ་བརྟེན་ནས།

འཆར་གཞི་ལྡན་པའི་འོག་བོད་མི་དང་ཡུ་གུར་མི་རིགས་ཀྱིས་གཙོས་ཏུར་ཀི་མི་རིགས་ཁག་གཅིག་དང་།  སོག་པོ། ཧོང་ཀོང་མི་མང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། གཞན་ཡང་རྒྱ་ནག་གི་ཕྱི་ལ་ཡོད་པའི་ས་ཁུལ་ཁག་གི་མི་མང་ཚོའི་སྨྲ་བརྗོད་རང་དབང་དང་ཆོས་དད་རང་དབང་འཕྲོག་ཅིང་།  མི་མང་གི་འགྲོ་འདུག་རང་དབང་ལ་དམ་བསྒྲགས་བྱས་པ།  ཞི་བའི་ལམ་ནས་འདུ་འཛོམས་བྱ་རྒྱུའི་ཐོབ་ཐང་འཕྲོག་པ།  མི་སྒེར་གྱི་མི་ཚེའི་བྱེད་སྒོར་ཁྲིམས་འགལ་ཐེ་བྱུས་བྱས་པ།  དེ་བཞིན་ཁྲིམས་འགལ་ཐོག་ནས་ཉེས་མེད་མི་མང་ཐོག་གང་བྱུང་མནར་གཅོད་བཏང་བའི་བྱེད་བབ་དེ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲས་གཏམ་ནང་གསལ་བའི་འབྲུ་དོན་དང་ཡོངས་སུ་འགལ་བ་ཞིག་ཡིན།  

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཚད་མཐོའི་རིག་གསར་འཕྲུལ་ཆས་ལ་བརྟེན་ནས། 

ནང་པ་དང་ཁ་ཆེ། ཡེ་ཤུ། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། ཏའོ་ཅའོ་དང་གདོད་མའི་ཆོས་ལུགས་ཉམས་ལེན་པ་བཅས་ཀྱི་ཆོས་དད་རང་དབང་ལ་དམ་བསྒྲསག་ཚོད་འཛིན་བྱས་པ་དང་།  རིམ་བཞིན་ཆོས་དད་ཀྱི་བག་ཆགས་རྣམས་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་པ།  ཆོས་ལུགས་སོ་སོའི་ཐུན་མིན་བྱེད་སྒོ་ཚུལ་བཞིན་ལག་བསྟར་རྒྱུན་སྐྱོང་བྱ་རྒྱུར་འགོག་རྐྱེན་བཟོ་བཞིན་པར་བརྟེན་ང་ཚོར་སེམས་འཚབ་ཧ་ཅང་འདུག  

རྒྱ་ནག་དམར་པོའི་སྲིད་གཞུང་གིས།  བོད་མི་དང་ཡུ་གུར་མི་རིགས་ཀྱིས་གཙོས་ཏུར་ཀི་མི་རིགས་ཁག་གཅིག་དང་།  སོག་པོ། ཧོང་ཀོང་མི་མང་བཅས་ཀྱི་ཐུན་མིན་ཡུལ་སྲོལ་གོམས་གཤིས་དང་། སྐད་ཡིག སྣ་མང་རིག་གཞུང་གི་ཁྱད་ཆོས། མི་རིགས་ཀྱི་ངོ་བོ་མཚོན་པའི་ལེགས་སྦྱང་སོགས་རྩ་མེད་གཏོང་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་དེ་དག་ནི་ཆེས་ཉེན་ཚབས་ཅན་ཞིག་ཡིན་པ་གསལ་འདོན་བྱ་རྒྱུ་ཡིན། 

རྒྱ་ནག་གཞུང་གིས་ཚད་མཐོའི་འཕྲུལ་རིག་གི་བཅོས་མའི་ཤེས་རབ་བཀོལ་སྤྱོད་བྱས་པ་དང་། གདོང་རིས་ལ་བརྟེན་ནས་མི་ག་གེ་མོའི་རྒྱབ་ལྗོངས་ལོ་རྒྱུས་ཤེས་རྟོགས་ཐུབ་པ་དང་། མཐེ་བོང་བསྣུན་ནས་འབྱོར་ཐོ་རྒྱག་དགོས་པ།  གཞུང་གིས་དོགས་གཞི་བྱ་ཡུལ་མི་སྣ་ཁག་གི་ལོ་རྒྱུས་གསོག་འཇོག ལག་ཐོག་ཁ་པར་བརྒྱུད་སོ་ཉུལ་བྱས་པ།  ས་གནས་གང་དུ་སོང་ཡང་གློག་གི་འཕྲུལ་ཆས་བརྒྱུད་རྗེས་འདེད་བཏང་བ།  ནམ་མཁར་པར་གྲུ་བཏང་ནས་སོ་ལྟ་བྱས་པ་སོགས་ལ་བརྟེན་ནས་རྒྱ་ནག་དམར་པོའི་སྲིད་གཞུང་གིས་སྔར་བས་དམ་བསྒྲགས་སྲ་བརྟན་བཟོ་བཞིན་པར་སེམས་འཚབ་ཡོད།

རྒྱ་ནག་གཅིག་བསྡུས་དབང་འཛིན་པ་ཚོས་ཚད་མཐོའི་རིག་གསར་འཕྲུལ་ཆས་དེ་དག་རང་ཉིད་ཙམ་མ་ཟད། འཛམ་གླིང་ས་ཕྱོགས་གང་སར་དབང་ཆ་སྒེར་སྤྱོད་པ་རྣམས་ལའང་མཁོ་གཏོང་བྱས་པར་བརྟེན་འཛམ་གླིང་ནང་དབང་ཆ་སྒེར་སྤྱོད་པ་ཇེ་མང་དང་།  མང་གཙོའི་རིང་ལུགས་ཉམས་དམས་སུ་གཏོང་བཞིན་ཡོད།  

རྒྱུ་མཚན་དེ་དག་ལ་བརྟེན། ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས།  བོད་མི་དང་ཡུ་གུར་མི་རིགས་ཀྱིས་གཙོས་ཏུར་ཀི་མི་རིགས་ཁག་གཅིག་དང་།  སོག་པོ། ཧོང་ཀོང་མི་མང་ཐོག་ཚད་མཐོའི་རིག་གསར་འཕྲུལ་ཆས་བཀོལ་སྤྱོད་འོག་དམ་བསྒྲགས་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་བྱེད་དགོས། ལག་ཆ་དེ་དག་ལ་བརྟེན་ནས་ཆོས་དད་རང་དབང་ཐོག་དམ་བསྒྲགས་བཀག་སྡོམ་བྱེད་མཚམས་འཇོག་དགོས། ལག་ཆ་དེ་དག་རྒྱལ་ཁབ་གཞན་ལ་མཁོ་གཏོང་བྱེད་མཚམས་འཇོག་དགོས། 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་ནང་གསལ་བའི་འབྲུ་དོན་ལྟར།  ཆོས་ལུགས་རྗེས་འབྲང་པ་ཚོར་ཆོས་ཕྱོགས་ཀྱི་དབུ་ཁྲིད་བསྐོ་འདེམས་བྱ་རྒྱུར་རང་དབང་སྤྲོད་དགོས་པ་དང་།  ཆོས་དད་རང་དབང་གིས་གཙོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ། མི་སྒེར་གྱི་གསང་གནས་རྣམས་གཅེས་ཉར་བྱེད་དགོས་པ། མང་ཚོགས་ཀྱི་ལས་དོན་རྣམས་ཕྱི་གསལ་ནང་གསལ་གྱིས་བསྒྲུབ་དགོས། 

རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཀྱིས།  ཚད་མཐོའི་རིག་གསར་འཕྲུལ་ཆས་དེ་དག་ཆེད་མ་འཛུགས་སམ་ཡར་རྒྱས་བཏང་བ།  དེ་བཞིན་གསར་བཟོ་བྱེད་མཁན་རྒྱལ་ཁབ་ཁག་ལ་ངེས་པར་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་ཆ་རྐྱེན་ཞིག་བཟོ་རོགས་ཞུ་རྒྱུ་དང་།  ཆ་རྐྱེན་དེ་དག་ལག་བསྟར་ཚུལ་བཞིན་ཡོང་སླད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མཐུན་འགྱུར་རོགས་རམ་ཇི་དགེ་གནང་རོགས་ཞུ་རྒྱུ་ཡིན།   

རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་སྡེ་ཁག སྲིད་གཞུང་ཁག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལ་འགན་ཁུར་ལྡན་པ་བཟོ་རོགས་ཞུ་རྒྱུ་དང་། ཚད་མཐོའི་རིག་གསར་འཕྲུལ་ཆས་དེ་དག་གཅིག་བསྡུས་དབང་འཛིན་པའི་རྒྱལ་ཁབ་གཞན་ལ་མཁོ་གཏོང་བྱ་རྒྱུ་མཚམས་འཇོག་ཡོང་ཐབས་གནང་རོགས།

སྲིད་གཞུང་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས། ཚོང་པའི་སྡེ་ཚོགས།  ལྷག་པར་རྒྱལ་ཁབ་མང་པོ་མཉམ་བསྡུས་ཀྱི་ཚོང་གི་སྒྲིག་འཛུགས་བཅས་ཀྱིས་རྒྱ་ནག་དང་ཚོང་འབྲེལ་སྤེལ་སྐབས།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིར་ཚུལ་བཞིན་ལག་བསྟར་གནང་ནས།  ཚད་མཐོའི་རིག་གསར་འཕྲུལ་ཆས་དེ་དག་གསར་བཟོ་བྱ་རྒྱུ་དང་། དེའི་ཆེད་མ་འཛུགས་བྱ་རྒྱུ།  ཚད་མཐོའི་རིག་གསར་འཕྲུལ་ཆས་བཟོ་རྒྱུའི་ཐད་ཉམས་ཞིབ་ལས་གཞི་བཅས་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་རྩ་བ་ནས་མ་གནང་རོགས་ཞུ་རྒྱུ་ཡིན།  ཞེས་འཁོད་འདུག 

Share with your friends










Submit