ཟླ་བ་ ༡༡ ཚེས ༨ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས། 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས་ཉིན་རྡ་ས་ཉེ་འདབས་སུ་ཆགས་པའི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༢༤ འཁོར་བའི་དུས་སྟོན་སྲུང་བརྩིའི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༢༠ ཐོག་ནོར་གླིང་བདེ་ལྡན་གཙུག་ལག་ཁང་དུ་སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་མཆོག་དང་།  ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་སྤྱི་ཁྱབ་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཀྱིས་གཙོས་འགན་འཛིན་གཞོན་པ་ཚེ་རིང་ཕུན་ཚོགས་ལགས། ནོར་གླིང་མཛད་རྣམ་ཚན་པའི་འབྲེལ་ལས་བསོད་ནམས་ཚེ་རིང་ལགས་དང་། འཇམ་དཔལ་ཆོས་བཟང་ལགས། དེ་བཞིན་ནོར་གླིང་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་དང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་བཅས་ཚང་འཛོམས་ཀྱིས་ཐོག་མར་ནོར་གླིང་སྤྱི་ཁྱབ་འགན་འཛིན་བདེ་ཆེན་རྣམ་རྒྱལ་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་ནོར་གླིང་མཐོ་སློབ་སྐབས་བདུན་པའི་བསླབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ཕྲག་འཁྱེར་གནང་སྟེ་གསུང་བཤད་གནང་དོན། ཐོག་མར་མཛད་སྒོའི་ཐོག་ཕེབས་པའི་དགེ་ལས་སློབ་ཕྲུག་ཡོངས་ལ་ངས་ཆོས་རིག་ལས་ཁུངས་དང་ང་རང་སྒེར་གྱི་ངོས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  དེ་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༢༤ འཁོར་བའི་དུས་སྟོན་ཐོག་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནི་བོད་མིའི་མགོན་སྐྱབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་ཀྱི་ཐུན་མིན་རིག་གཞུང་གཅེས་སྐྱོང་དང་། སྐད་ཡིག་སྲུང་སྐྱོབ། དེ་བཞིན་རང་ཁ་རང་གསོ་སོགས་ཀྱི་ཐད་ཧྲ་ཐག་ཐག་ཡོད་པའི་བསྟི་གནས་ཤིག་ཆགས་ཀྱི་ཡོད་པ་མ་ཟད། ཐོག་མའི་དམིགས་ཡུལ་ལྟར་ལས་དོན་སྒྲུབ་མཁན་གྱི་བསྟི་གནས་ཤིག་ཡིན་སྟབས་ངས་དགེ་ལས་སློབ་ཕྲུག་ཡོངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞེས་དང་།

གཞན་ཡང་བཀའ་བློན་མཆོག་གིས་བསླབ་པ་མཐར་སོན་པའི་སློབ་ཕྲུག་རྣམས་ལ་འཚམས་འདྲི་དང་འབྲེལ། མ་འོངས་པར་ལས་དོན་གང་འདྲ་ཞིག་ལ་དཀའ་ངལ་ཅི་འདྲ་ཞིག་འཕྲད་པ་ཡིན་ནའང་བློ་མ་ཞུམ་པར། དཀའ་ངལ་དེ་དག་གདོང་ལེན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ལས་ཀ་བྱེད་སྐབས་ཀུན་སློང་བཟང་པོ་ཞིག་གི་ཐོག་ནས་བྱེད་དགོས་ཀྱི་ཡོད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་སྒྲུབ་དགོས་རྒྱུ་ང་ཚོའི་ལས་འགན་ཡིན། ཅེས་གསུངས།

དེ་ནས་བདེ་ལྡན་གཙུག་ལག་ཁང་གི་མདུན་ཐང་དུ་ནོར་གླིང་ལས་བྱེད་དང་བུ་བཅོལ་ཁང་གིས་སློབ་ཕྲུག་རྣམས་ནས་རྟེན་འབྲེལ་མཚོན་བྱེད་གཞན་སྣ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་གྲོལ་བ་བཅས། །

Share with your friends










Submit