ཟླ་བ་ ༡༡ ཚེས ༥ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༥ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༥ ཉིན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་རྒྱུད་ཆེན་རྗེས་དྲན་དང་འབྲེལ་བའི་གསང་སྔགས་མཁས་པའི་བགྲོ་གླེང་ཆེན་མོའི་མཇུག་སྡོམ་དང་། དགེ་ལྡན་བསྟན་བདག་རྣམ་གསུམ་ལ་བརྟན་བཞུགས་འདེགས་འབུལ། སྐབས་དྲུག་པའི་དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་རྩོད་རྒྱུགས་ཆེན་མོའི་ཕྱག་འཁྱེར་འབུལ་བའི་མཛད་སྒོ་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། མཚུངས་མེད་ཤར་བྱང་གི་ཆོས་རྗེ་རྣམ་པ་གཉིས་མཆོག དམིགས་བསལ་སྐུ་མགྲོན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག གདན་ས་ཁག་གི་མཁན་ལས་ཟུར་རྣམ་པ། གསང་སྔགས་མཁས་པའི་བགྲོ་གླེང་དུ་ཕེབས་པའི་མཁས་དབང་རྣམ་པ། ཟུར་ཉན་པ་སོགས་ལྷན་འཛོམས་ཀྱིས་ཐོག་མར་དགེ་ལྡན་བསྟན་བདག་རྣམ་པ་གསུམ་ལ་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པའི་ཆེད་གསོལ་འདེབས་མཎྡལ་དང་འབྲེལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་གྲུབ་མཚམས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་གསང་སྔགས་དཔེ་ཁྲིད་རྒན་བློ་བཟང་འབྲུག་གྲགས་ལགས་དང་། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གསང་སྔགས་དཔེ་ཁྲིད་རྒན་མཁས་གྲུབ་བློ་བཟང་ལགས་རྣམ་གཉིས་ལ་གསང་ཆེན་རྡོ་རྗེ་འཛིན་པའི་ཆེ་བསྟོད་གཟེངས་རྟགས་དང་། དཔེ་ཁྲིད་དགེ་རྒན་རྣམ་པར་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱི་སྣང་བརྙན་གནང་།

དེ་ནས་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་གསང་སྔགས་མཁས་པའི་བགྲོ་གླེང་གི་གདན་ཞུས་མཁས་དབང་རྣམ་པ་དང་། ཟུར་ཉན་པ་རྣམ་པར་ཆེ་བསྟོད་ཕྱག་འཁྱེར་དང་། མཚུངས་མེད་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་དགེ་བཤེས་ལྷ་རམས་པའི་སྔགས་ཀྱི་ཕྱག་འཁྱེར་གནང་གྲུབ་བསྟུན་དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་མཆོག་གིས་སྟོད་རྒྱུད་གྲྭ་ཚང་གི་དྲ་རྒྱ་གསར་པ་དབུ་དབྱེད་གནང་།

དེ་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་མཇུག་སྡོམ་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་རྗེས་དམིགས་བསལ་སྐུ་མགྲོན་ཆོས་རིག་བཀའ་བློན་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་དོན། དེ་རིང་གི་རྗེས་དྲན་འདི་མགོ་ནས་མཇུག་བར་ཧ་ལས་པའི་གྲ་སྒྲིག་པོ་དང་བཀྲ་ཤིས་པོ་དཔེར་ན། ཐོག་མར་དབུ་འབྱེད་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་བཀའ་དྲིན་ཆེ་བ་དང་། ལྷག་པར་སྐབས་དེར་གྲྭ་ཚང་དང་རྒྱུད་ཟུར་རྣམ་པ་བཅས་ནས་བཀའ་དྲིན་རྗེས་དྲན་མཚོན་སླད་དམིགས་བསལ་གཟེངས་རྟགས་རིགས་འབུལ་བཞེས་བྱུང་བ་དང་། དེ་བཞིན་གསང་སྔགས་མཁས་པའི་བགྲོ་གླེང་དབུ་འཛུགས་ཀྱི་ཐོག་ནས་ཆོས་སྤྲིན་བསྟར་བ་སོགས་གྲྭ་ཚང་གི་ངོས་ནས་དེ་ལྟ་བུའི་ལས་རིམ་སྔ་ས་ནས་དགོངས་པ་བཞེས་ཏེ་གོ་སྒྲིག་གནང་བ་འདི་དག་ཧ་ཅང་ཡག་པོ་བྱུང་འདུག་ཅེས་ངས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་གི་ཡོད།

དེ་རིང་གཙོ་བོ་གཅིག་ནི་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུའི་མཚན་དཔེ་བཞད་དེ་ལོ་ངོ་དྲུག་བརྒྱ་འཁོར་བའི་ལོ་ཚིགས་ཁྱད་པར་ཅན་ཞིག་འཁེལ་ཡོད། དེའི་ནང་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགོངས་པ་མྱ་ངན་ལས་འདས་ཚུལ་བསྟན་ནས་ལོ་དྲུག་བརྒྱ་འཁོར་བ་འདི་གཅིག་རེད། འདི་དང་འབྲེལ་བའི་ཕྱི་ནང་གང་སར་ལོ་འཁོར་མོར་མཛད་རིམ་གནང་དང་གནང་མུས་རེད། དེ་བཞིན་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་དང་དམིགས་བསལ་འབྲེལ་བ་ཆགས་པ་ནི། རྗེ་བླ་མ་ཙོང་ཁ་པ་ཆེན་པོས་རྒྱུད་ཆེན་ཤེས་རབ་སེངྒེ་དཔལ་བཟང་པོ་མཆོག་ལ་རྒྱུད་འགྲེལ་ཆེན་མོའི་གླེགས་བམ་གནང་སྟེ་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་ལོ་དྲུག་བརྒྱ་འཁོར་བ། སྟོད་རྒྱུད་གྲྭ་ཚང་ཕྱག་བཏབ་མཁན་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་སྐུ་འཁྲུངས་ནས་ལོ་དྲུག་བརྒྱ་འཁོར་བ་བཅས་ལོ་དྲུག་བརྒྱ་འཁོར་བའི་ལོ་ཚིགས་གསུམ་མཉམ་དུ་འཁེལ་སྟབས། དེའི་ཐོག་འབྲེལ་ཡོད་རི་བོ་དགེ་ལྡན་པའི་ཆོས་ལུགས་འཛིན་མཁན་ཡོངས་ནས་གང་ས་ཅི་ཐད་ནས་རྗེས་དྲན་དོན་སྙིང་ལྡན་པ་གནང་དང་གནང་བཞིན་པ་དེ་དག་ཚང་མ་ཧ་ལས་པའི་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་འོས་པའི་ཡུལ་རེད་འདུག དེར་བརྟེན་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན།

ངས་ཞུ་མི་དགོས་པར་རྗེས་དྲན་ག་འདྲ་ཞིག་ཞུས་པ་ཡིན་ནའང་རྗེས་དྲན་ཕྱོགས་སུ་གྱུར་བ་ནི་རྗེས་དྲན་ཞུ་ཡུལ་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་བཀའ་དང་ཐུགས་དགོངས་དེ་དག་སྒྲུབ་ཐབས་བྱེད་རྒྱུ་ནི་གཙོ་བོ་ཆགས་ཀྱི་ཡོད། དེའི་ངོས་ནས་བཤད་ན་དཔལ་ལྡན་རྒྱུད་གྲྭ་སྟོད་སྨད་གཉིས་ལ་ཆ་བཞག་ན་ཐོག་མར་དབུ་བཙུགས་པ་ནས་བཟུང་ད་བར་བཤད་པ་དང་སྒྲུབ་པ། ཕྱིས་སུ་བཤད་སྒྲུབ་ལས་གསུམ་ཞེས་གསུང་སྲོལ་ཡོད། བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་སྐུ་ངལ་ཁྱད་དུ་བསད་ནས་སྒྲུབ་པའི་ཆོས་པ་སྨད་དུ་བྱུང་བ་ག་འདྲ་བྱུང་མིན་ང་ཚོའི་དགོངས་པ་མངལ་གསལ་རེད། དེར་བརྟེན་དངོས་འབྲེལ་རྗེས་དྲན་བྱེད་རིན་ཆོག་པ་དང་རྗེས་དྲན་བྱེད་པའི་སྐབས་སོ་སོའི་བྱེད་སྒོ་དེ་དག་མི་ཐོག་ནས་མི་ཐོག་བརྒྱུད་དེ་ཞུ་ཡོད་སྙམ་པའི་ཐུགས་སྤོབས་པ་ཆེན་པོ་གནང་ཆོག་པ་ཞིག་ཆགས་སྟབས། རྗེས་དྲན་གཞན་དང་མི་འདྲ་བ་དོན་སྙིང་ལྡན་པ་ཞིགས་ཆགས་འདུག་ཅེས་ངས་མཐོང་ཚུལ་ཞུ་འདོད་བྱུང་།

དཔེར་ན། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་ལ་ཆ་བཞག་ན། བོད་ནང་ཡིན་ནའང་ལོ་རྒྱུས་ནང་གསལ་བ་ནང་བཞིན་རྒྱུད་ཆེན་རྡོ་རྗེ་འཆང་རྗེ་བཙུན་ཀུན་དགའ་དོན་གྲུབ་དཔལ་བཟང་པོ་མཆོག་གིས་ཐོག་མར་དབུས་སྟོད་བྱམས་པ་གླིང་དུ་ཕྱག་བཏབ་ནས་རིམ་བཞིན་ལྷ་ས་ར་མོ་ཆེར་སྤོས་གནང་ཡོད། ཕྱི་ལོ་ ༡༩༥༩ ལོར་བོད་ནང་དུས་འགྱུར་བྱུང་རྗེས་ཐོག་མར་རྒྱ་གར་ཌལ་ཧོར་དུ་གང་ཙམ་བཞུགས་རྗེས་རྒྱ་གར་བྱང་ཤར་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་ཕྱག་བཏབ། དེར་གྲྭ་རྒྱུན་ཡོང་རྒྱུ་སོགས་གནས་སྟངས་མང་པོ་ཞིག་གི་ཐོག་ནས་རྡ་སའི་ཉེ་འདབས་སུ་ར་མོ་ཆེ་གཙུག་ལག་ཁང་གཉིས་པ་ཞེས་ཞུས་པ་ནང་བཞིན་འདིར་སྤོས་ཡོད། མདོར་ན་གཞིས་སུ་ཡོད་པའི་སྐབས་དང་བྱེས་ལ་ཡོད་པའི་སྐབས་གཉིས་ཀར་ཕྱག་འདེབས་པ་པོ་དང་བསྟན་པའི་སྲོལ་གཏོད་པ་པོའི་བཀའ་དང་དགོངས་པ་ནང་བཞིན་ཞབས་འདེགས་སྨད་དུ་བྱུང་བ་ཞིག་བསྒྲུབས་ཡོད་སྟབས། ངས་འདས་པ་དང་ད་ལྟ་བཞུགས་བཞིན་བཅས་ཚང་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་། །

 

Share with your friends










Submit