ཟླ་བ་ ༡༡ ཚེས ༦ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༦ རེས་གཟའ་ལྷག་པ།  

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༤ ནས་ ༦ བར་བོད་མིའི་བླ་ན་མེད་པའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་ཀོ་རི་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱི་ཟབ་མོ་སྟོང་པ་ཉིད་ཀྱི་རྣམ་གཞག་བསྟན་པའི་འཁོར་ལོ་བར་པ་ཤེར་ཕྱིན་གྱི་གཞུང་བསྡུས་པ་ཤེས་རབ་སྙིང་པོའི་ཆོས་འབྲེལ་བཀའ་དྲིན་བསྐྱངས་པ་དང་། དེ་ཡང་བཀའ་ཆོས་ཉིན་མཐའ་མའི་སྐབས་ཆོས་འབྲེལ་གྲུབ་མཚམས་སེམས་བསྐྱེད་ཀྱི་སྡོམ་པ་འབོག་ཆོག་མཛད་འདུག

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐོག་མར་བཀའ་སློབ་སྩལ་དོན། འདིར་འཕགས་པ་གནས་བརྟན་པའི་དགེ་སློང་རྣམ་པ་ཚོ་དང་ལེགས་སྦྱར་ཆོས་བརྒྱུད་འཛིན་མཁན་ཀོ་རི་ཡའི་ཆོས་གྲོགས། གང་ལྟར་ང་ཚོ་འདིར་འདུས་པ་ཐམས་ཅད་སྟོན་པ་གཅིག་གི་རྗེས་འབྲང་རེད། ཨེ་ཤི་ཡའི་ལུང་པ་ཕལ་ཆེར་ཡོངས་རྫོགས་གོ་ཏ་མ་གཅིག་གི་རྗེས་འབྲང་གཅིག་མཚུངས་རེད།  སྔ་མོ་རྒྱ་གར་ནས་ཤྲཱི་ལངྐ། འབར་མ། ཐེ་ལེནྜི། ཁེམ་བྷོ་ཌི་ཡ། དེ་བཞིན་ཝི་ཏི་ནམ་དང་རྒྱ་ནག ཀོ་རི་ཡ། ཉི་འོང་། བོད་དང་སོག་པོ། ཨུ་རུ་སུ་ཁུངས་ཀྱི་ནང་པའི་ལུང་པ་མང་པོ་ཡོད། དེ་དག་ཚང་མ་ཕལ་ཆེར་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ལྟ་བུ་ཆགས་ཡོད། འཛམ་གླིང་འདིའི་སྒང་ལ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད། ཆོས་ལུགས་ཚང་མས་བྱམས་བརྩེ་དགོས་པ་གསུང་བཞིན་ཡོད། དེར་བརྟེན་ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་བྱེད་ཀྱི་ཡོད། བྱམས་བརྩེ་ཉམས་ལེན་བྱེད་སྐབས་བཟོད་པ་དང་ཆོག་ཤེས། རང་ཁྲིམས་སྲུང་རྒྱུའི་ཉམས་ལེན་དེ་དག་གཅིག་གྱུར་ཡོང་བཞིན་འདུག ཆོས་པ་ངོ་མ་ཞིག་བྱས་ནས་གཅིག་གྱུར་ཆགས་ཀྱི་ཡོད།  འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་མང་པོ་ཞིག་སོ་སོའི་ཆོས་ལུགས་ཉམས་ལེན་བྱེད་མཁན་ཆགས་ཡོད།

ཁྱད་པར་གཅིག་ནི་ད་ལྟ་བཤད་མ་ཐག་པ་ནང་བཞིན་ཨེ་ཤི་ཡའི་ལུང་པ་ཧ་ལམ་ཡོངས་རྫོགས་ལ་ཡོད་པའི་སངས་རྒྱས་པའི་ཆོས་འདི་གང་ལྟར་ལྟ་གྲུབ་ཐོག་ནས་མི་འདྲ་བ་ཆགས་ཡོད། ཆོས་ལུགས་གཞན་མང་ཆེ་བས་འཇིག་རྟེན་བཀོད་པ་པོ་འདོད་པ་རེད། སངས་རྒྱས་པས་འཇིག་རྟེན་བཀོད་པ་པོ་མི་འདོད།  བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་མགོན། ཞེས་གསུངས་ཡོད། རང་རང་སོ་སོ་མ་འོངས་པར་གང་འདྲ་ཡོང་མིན་ཟེར་བ་དེ་རང་རང་སོ་སོའི་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ལ་རག་ལུས་ཡོད།  ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་གྱི། ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་གསུངས་ཡོད།

བཅོམ་ལྡན་འདས་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུའི་ལམ་བསྟན་ཡོད། འོན་ཀྱང་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་དང་མ་ཐོབ་ཟེར་བ་དེ་སོ་སོས་ལག་ལེན་འགེལ་མིན་ལ་ཐུག་ཡོད། ཅེས་གསུངས་ཡོད། ཐར་པ་དེ་ཕྱི་ནས་སྒྲུབ་རྒྱུའི་སྐད་ཆ་མིན། དག་ཞིང་སྐད་ཆའང་མིན། ཐར་པ་ཟེར་བ་དེ། ལས་དང་ཉོང་མོངས་ཟད་པའི་ཐར། ཞེས་ལས་ཉོན་གཉིས་པོ་བསྟན་པའི་སྟོབས་ཀྱིས་བཅོམ་ནས་ལས་ཉོན་གྱི་གཞན་དབང་ཅན་གྱི་སྐྱེ་བའི་སྡུག་བསྔལ་རྩད་ནས་བཅད་པ་ཡིན་ན་དེར་ཐར་པ་ཟེར།

དེར་བརྟེན་ཐར་པ་བསྒྲུབ་རྒྱུ་དེ་སོ་སོའི་སེམས་རྒྱུད་སྟེང་གི་ཐར་པ་ཐོབ་པར་འགེགས་བྱེད་མཁན་ཉོན་སྒྲིབ་བམ་ཉོང་མོངས་ལ་གཉེན་པོ་བསྟེན་ནས་སྤོང་དགོས་པ་རེད།  དེ་ལ་བརྟེན་ནས་ཉོན་མོངས་སྤངས་པའི་བྲལ་བ་དེ་ཐར་པ་རེད། ཐམས་ཅད་མཁྱེན་པའི་གོ་འཕང་ཟེར་བ་དེ་ཉོན་མོངས་པས་བཞག་པའི་བག་ཆགས་ཤེས་བྱ་ཤེས་པར་བར་དུ་གཅོད་མཁན་གྱི་ཤེས་བྱའི་སྒྲིབ་པར་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་བཅོམ་ནས་སྒྲིབ་པ་གཉིས་ཀ་བཅོམ་ནས་ཤེས་སྒྲིབ་སྤོང་སྐབས། ཤེས་བྱ་ཤེས་པར་བར་དུ་ཆོད་པའི་ཤེས་སྒྲིབ་སྤངས་པར་བརྟེན་མཁྱེན་པའི་ཡེ་ཤེས་གཅིག་གིས་ཤེས་བྱ་མཐའ་དག་དུས་གཅིག་ལ་མཁྱེན་པ་རེད།

གོང་ཙམ་ལ་ངོས་རང་ནང་སོག་ནས་ཡིན་པའི་མི་ཞིག་ཐུག་བྱུང་།  སྐབས་དེར་ཁོང་ལ་ངོས་ཀྱི་དགེ་རྒན་གཙོ་བོ་གཅིག་དངོས་གྲུབ་ཚོགས་ཉིད་རེད། ནང་སོག་ཨ་བྷག་ཟེར་བའི་ས་ཁུལ་ནས་རེད་ཅེས་བརྗོད་པ་ཡིན། ཝི་ཏི་ནམ་དང་རྒྱ་ནག ཀོ་རི་ཡ། ཉི་འོང་། བོད་དང་སོག་པོ། ཨུ་རུ་སུ་ཁུངས་ཀྱི་ནང་པའི་ལུང་པ་ཐུ་བ་དང་བྷུར་ཡ་ཏི། ཁལ་མུག་སོགས་སྔ་མོ་ནས་ནང་པའི་ལུང་པ་རེད། ནང་པའི་ཆོས་གསར་དུ་དར་བ་དེ་འདྲ་མ་རེད། ལོ་ངོ་སྟོང་ཕྲག་གོང་ནས་ནང་པའི་རྗེས་སུ་འཇུག་མཁན་ཆགས་ཡོད། སྐབས་རེ་ངོས་ཀྱིས་སངས་རྒྱས་བཅོམ་ལྡམ་འདས་ཨེ་ཤི་ཡའི་ཉི་མ་རེད། ཅེས་བཤད་ཀྱི་ཡོད། ཨེ་ཤི་ཡའི་ཡུལ་གྲུ་དེ་དག་ཚང་མའི་ནང་བཅོམ་ལྡན་འདས་ཀྱི་གསུང་གིས་ཁྱབ་པ་ལྟ་བུ་འདུག

དེང་སྐབས་འཛམ་གླིང་སྟེང་རིག་གནས་ཡར་རྒྱས་ཕྱིན།  མིའི་སེམས་ནང་བརྟག་དཔྱད་བྱ་རྒྱུའི་ནུས་པ་དེ་ཆེ་རུ་འགྲོ་སྐབས་སངས་རྒྱས་པའི་ཆོས་འདི་ཆོས་ལུགས་འདྲ་འདྲའི་ནང་ནས་མི་འདྲ་བ་རིགས་པས་དཔྱད་པ་བྱས་ནས་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་ཆགས་ཡོད། ང་ཚོ་ཕ་མེས་ནས་སངས་རྒྱས་པའི་རྗེས་སུ་འཇུག་མཁན་ཡིན་སྟབས་ནང་པའི་ངོས་ནས་བཤད་ན་བསོད་ནམས་ཆེན་པོ་རེད།  སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་དེ་ལྟ་གྲུབ་ཐོག་ནས་བཤད་དགོས། དེར་བརྟེན་སངས་རྒྱས་པའི་ཆོས་ལ་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་སངས་རྒྱས་པའི་ཆོས་ལ་སློབ་སྦྱོང་བྱ་རྒྱུ་མ་ལྡེངས་བ་དེ་ཧ་ཅང་གསལ་པོ་རེད།  དད་པ་བྱེད་ཀྱི་ཡོད། འདོན་པ་བཏོན། དཔེར་ན་ཤེས་རབ་སྙིང་པོ་ལྟ་བུ་བཏོན།  འོན་ཀྱང་སློབ་སྦྱོང་བྱ་རྒྱུར་ང་ཚོས་ཏོག་ཙམ་ལྡེང་གི་མི་འདུག  ད་ཆ་ང་ཚོས་དུས་རབས་ ༢༡ ནང་པ་བྱེད་དགོས་བརྗོད་ཀྱི་ཡོད།  དེར་བརྟེན་ང་ཚོས་ནང་པའི་གཞུང་ལ་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག སློབ་སྦྱོང་བྱས་པ་ཡིན་ན་སངས་རྒྱས་པའི་ཆོས་ཀྱི་ཞག་རྩི་ངོ་མ་དེ་མཐོང་ཐུབ། 

ངོས་ཀྱིས་ནམ་རྒྱུན་རྟག་པར་ཞུ་རྒྱུ་དེ་རེད། ཚན་རིག་ཐོག་ནས་སེམས་ཁམས་རིག་པ་དེ་དག་ལ་ཞིབ་འཇུག་ཧ་ཅང་བྱས་དང་བྱེད་བཞིན་པ་རེད། ཡར་རྒྱས་མུ་མཐུད་ནས་འགྲོ་ངེས་རེད། སེམས་ཁམས་རིག་པ་ལ་དོ་སྣང་ཡོད་མཁན་ཚོས་ནང་པའི་གཞུང་ནས་སེམས་ཁམས་རིག་པའི་རྣམ་གཞག་ལ་དོ་སྣང་བྱེད་ཀྱི་འདུག ནང་པའི་གཞུང་ནས་གསུང་པའི་སེམས་ཕྲ་རགས་ཀྱི་དབྱེ་བ་ཕྱེ་ནས་ཧ་ཅང་ཞིབ་ཚགས་ཡོད་པ་དེར་དོན་གཉེར་ཧ་ཅང་བྱས་ནས་སློབ་སྦྱོང་བྱེད་ཀྱི་འདུག

ངོས་རང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ལོ་ ༨༤ སླེབས་པ་ཞིག་ཡིན། དུས་ཚོད་ནམ་བྱུང་སྐབས་དཔེ་ཆར་ལྟ་བཞིན་ཡོད། ཁྱེད་ཚོས་ཀྱང་དེ་བཞིན་སློབ་ཉེར་རྒྱག་རྒྱུའི་ཐོག་ཐུགས་སྣང་ཆེ་ཙམ་གནང་རོགས། འདོན་པ་བཏོན་པ་དང་སྨོན་ལམ་རྒྱག་རྒྱུ་ཙམ་གྱིས་ནམ་འཕང་གཅོད་ཐུབ་རྒྱུ་མ་རེད། དེ་ཤེས་པར་གྱིས། ཕྱིར་རང་ཡུལ་དུ་ལོག་རྗེས་ཏཱ་ལའི་བླ་མ་སྤོ་ལགས་ཆགས་ཡོད་ཀྱང་ད་དུང་སློབ་གཉེར་བྱེད་ཀྱི་འདུག ང་ཚོས་ཀྱང་ནང་པའི་ཆོས་ལ་སློབ་གཉེར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་གསུང་གི་འདུག ཅེས་རང་གི་དགའ་ཉེ་ཚོར་འབོད་སྐུལ་གནང་རོགས། ཞེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་སེམས་བསྐྱེད་དབུ་འཛུགས་དང་།  སེམས་བསྐྱེད་ངོ་སྤྲོད་དང་ཕན་ཡོན། སྡོམ་པ་འབོག་ཆོག་སོགས་ལེགས་པར་གྲུབ་ཡོད་པ་བཅས། །

Share with your friends










Submit