གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།

༄༅། །རྒྱ་ནག་གཞུང་གིས་ཁྱུང་པོ་སྟེང་ཆེན་རྫོང་ནས་ཡིན་པའི་རང་ལོ་ ༢༦ ཅན་གྱི་བོད་མི་པདྨ་བསམ་གྲུབ་ལགས་ལ་ཆབ་སྲིད་ཀྱི་དོགས་གཞི་དང་ཁོ་རང་གི་འཕྲིན་ཕྲན་རྒྱབ་ལྗོངས་ལ་པར་རིས་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་འོག་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཛིན་བཟུང་བྱས་ཏེ་ད་བར་ཀློད་གྲོལ་བཏང་མེད་པ་མ་ཟད། ད་ལྟའི་ཆར་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ག་འདྲ་ཡིན་མིན་གྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་ཐུབ་ཀྱི་མེད།

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གནས་ཚུལ་སྤེལ་གསལ་ལྟར་ན།  འདི་ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་གྱི་སྔ་དྲོར་རང་ལོ་ ༢༦ ཡིན་པའི་པདྨ་བསམ་གྲུབ་ལགས་ལྷ་ས་ནས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེ་ནི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་སྔ་ཉིན་ཡིན་འདུག དུས་ཡུན་གང་མཚམས་རིང་ལྷ་སར་བཀག་ཉར་བྱས་རྗེས། སྤྱི་ལེ་ ༤༨༠ ལྷག་གི་མཚམས་སུ་ཡོད་པའི་ཆབ་མདོ་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད།

པདྨ་བསམ་འགྲུབ་ནི་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་སེར་རྩ་ཤང་ཁུ་རྒྱུད་གྲོང་ཚོ་ནས་འཚར་ལོང་བྱུང་བ་དང་ཪག་ཤི་ཚང་གི་བུ་སྤུན་བཞིའི་གྲས་ཀྱི་ཐ་ཆུང་བ་ཡིན་པ་རེད། བཀག་ཉར་མ་བྱས་སྔོན་ལ་ལྷ་སར་ཆང་ཁང་ཡོད་པའི་ཟ་ཁང་ཞིག་གི་རྩིས་གཉེར་བའི་ལས་ཀ་བྱེད་མུས་ཡིན་པ་དང་། དེ་གར་དུས་ཡུན་གང་ཙམ་རིང་ལས་ཀ་བྱས་ཡོད།

པདྨ་བསམ་གྲུབ་ལགས་ཀྱི་ནང་མི་ཚོར་ཁོ་འཛིན་བཟུང་བྱས་པའི་བརྡ་ལན་ཙམ་ཡང་སྤྲད་མེད་པ་མ་ཟད། ཁོང་ལ་ཐུག་འཕྲད་བྱེད་བཅུག་མེད་པ་དང་། དོགས་གཞིའི་ཉེས་འཛུགས་དེ་དང་འབྲེལ་ཏེ། སྟེང་ཆེན་རྫོང་ཉེན་རྟོག་ཁང་གིས་ཁོའི་ཕུ་བོ་དཀོན་མཆོག་ཚེ་རྒྱལ་ཐེངས་གཉིས་འབོད་འགུག་གིས་དྲི་རྩད་བྱས་འདུག ཁོང་གི་ཕ་རྒན་ལྷ་སར་ཐེངས་གཅིག་ཕྱིན་ཡང་། ཁོང་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་མེད། པདྨ་བསམ་གྲུབ་ལགས་ཀྱི་ཉེ་འབྲེལ་ཚོས་ཆབ་མདོའི་བཀག་ཉར་ཁང་དུ་ཁོང་གི་ཐོབ་ཐང་མཐུན་འགྱུར་ཁག་རྩིས་མེད་རྡོག་རོལ་བཏང་ནས་ཁོ་ལ་སྡུག་སྦྱོང་མནར་གཅོད་བཏང་བར་སེམས་ཁྲལ་གནང་གི་འདུག 

ཕྱི་ལོ་ ༢༠༡༨ ཟླ་ ༣ ནང་པདྨ་བསམ་གྲུབ་ལགས་གངས་ལྗོངས་འཇིགས་མེད་ཤེས་རིག་ནོར་བུའི་སློབ་གླིང་ནས་སློབ་མཐར་ཕྱིན་ཡོད་པ་དང་། དེ་གར་འདས་པའི་ལོ་ངོ་ ༤ རིང་སློབ་གཉེར་གནང་འདུག སློབ་གླིང་དེ་གར་ཁོས་སློབ་སྦྱོང་གི་གྲུབ་འབྲས་གཡར་དུ་ཟ་བ་བླངས་ཏེ་སློབ་གླིང་ནང་ཁོང་ལ་གཟེངས་བསྟོད་ཐོབ་ཡོད་པ་དང་། སློབ་གླིང་དེའི་ནང་བོད་ཀྱི་སྐད་ཡིག་གིས་གཙོས་སློབ་ཁྲིད་གནང་གི་ཡོད་པ་དང་། སློབ་ཁྲིད་ཀྱི་གནས་ཚད་ཧ་ཅང་ལེགས་པོ་ཡོད་འདུག སློབ་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་སྟེང་ཆེན་རྫོང་ལ་ལོག་ནས་ལས་ཀ་ཞིག་བཙལ་ཡང་གཏན་འཇགས་ཀྱི་ལས་ཀ་ཞིག་མ་རག་སྟབས་ལྷ་སར་ཕྱིན་ཡོད། །

Share with your friends










Submit