ཟླ་བ་ ༡༡ ཚེས ༡༦ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༦ རེས་གཟའ་སྤེན་པ། 

༄༅། །སུད་སི་གྲོང་ཁྱེར་ཇི་ནི་ཝའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་དྲག་གནོན་དང་ཆོས་དད་རང་དབང་གི་གླེང་སྟེགས། ཞེས་  ༢༠༡༩ ལོའི་ཇི་ནི་ཝའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་ཡོད།

དེ་ཡང་ལྷན་ཚོགས་ཐོག་རྒྱ་ནག་གི་བཙོན་ཁང་དུ་དུས་ཡུན་རིང་ཤོས་བཙོན་འཇུག་གི་ཁྲིམས་ཆད་ཕོག་མཁན་བོད་པའི་བུད་མེད་ཕུན་ཚོགས་ཉི་སྒྲོན་ལགས་ཀྱིས་གསུང་བཤད་གནང་དོན། ཐོག་མར་འདིར་ཕེབས་པའི་ལྷན་རྒྱས་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ཇི་ནི་ཝ་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ལྷན་ཚོགས་སུ་ཕྲན་རང་ཉིད་རྒྱའི་བཙོན་ཁང་ནང་དཀའ་སྡུག་ཇི་ཙམ་མྱངས་པའི་སྐོར་དང་། རྒྱའི་བཙོན་ཁང་ནང་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སོགས་ཀྱི་སྐོར་མང་ཚོགས་ལ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངའི་མིང་ཕུན་ཚོགས་ཉི་སྒྲོན་ཟེར། སྐྱེས་ས་འཕན་པོ་ཡ་རོང་ཡིན། པཱ་ལགས་ཀྱི་མཚན་ལ་བཀྲ་ཤིས་དབང་པོ་དང་ཨ་མ་ལགས་ཀྱི་མཚན་ལ་དཔལ་སྐྱིད་སྒྲོལ་མ་ཟེར། ཆུང་དུས་ནས་སློབ་སྦྱོང་གི་གོ་སྐབས་ཐོབ་མ་སོང་། གང་ཡིན་ཟེར་ན། ངའི་ཁྱིམ་ཚང་ནི་བྲན་རིགས་ཤིག་ཡིན་སྟབས་རྒྱ་ནག་གཞུང་གིས་ཁྱིམ་ཚང་དེ་དག་གི་བུ་ཕྲུག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲད་ཀྱི་མེད།

ཕྱི་ལོ་ ༡༩༥༩ ལོའི་རྗེས་སུ་རྒྱ་ནག་གཞུང་ལ་བོད་མིའི་གཞོན་སྐྱེས་ཀྱིས་ངོ་རྒོལ་ཤུགས་ཆེ་ཤོས་དེ་ཕྱི་ལོ་ ༡༩༨༧ ལོར་བྱུང་བ་རེད། ཕྱི་ལོ་ ༡༩༨༩ ལོར་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པའི་དབུ་ཁྲིད་པའི་ལྷ་སར་ངོ་རྒོལ་ཤུགས་ཆེན་པོ་བྱས་ཡོད།  སྐབས་དེར་ང་དང་ངག་དབང་ཆོས་སྒྲོན་ལགས། དེ་བཞིན་དགོན་པའི་བཙུན་མ་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་པ་ཡིན། ངོ་རྒོལ་བྱེད་པའི་སྐབས་རྒྱ་ནག་གཞུང་གིས་དུག་རླངས་བདེ་སྤྱོད་དང་མེ་མདའ་ཆར་ལྟར་བརྒྱབ་སོང་།

སྐབས་དེར་སེ་ར་དགོན་པའི་དགེ་འདུན་པ་ཞིག་གི་མགོ་ལ་རྡོ་ཕོག་པར་བརྟེན་ང་དང་ངག་དབང་ཆོས་སྒྲོན་གཉིས་སྨན་རྩིས་ཁང་དུ་སྨན་ལེན་དུ་ཕྱིན་པ་ཡིན། ཡར་སྨན་རྩིས་ཁང་དུ་ཕྱིན་སྐབས་ལྷོད་ལྷོད་ངང་ནས་ཐར་སོང་། སྨན་རྩིས་ཁང་གི་སྨན་པས་སྨན་མང་པོ་ཞིག་གནང་སོང་། དེ་ནས་མར་ཕྱི་ལ་ཡོང་སྐབས་ཉེན་རྟོག་པས་བཏང་མ་སོང་། དེ་རྗེས་སྨན་རྩིས་ཁང་རྒྱབ་ངོས་ཀྱི་གྱང་ནས་མཆོང་སྟེ་བར་སྐོར་ཕྱིན་ནས་སྨན་རྣམས་སྐུ་ཤོག་ཁོང་ལ་སྤྲད་པ་ཡིན། ཕྱི་ལོ་ ༡༩༨༩ ལོ་མགོར་ང་དང་བསྟན་འཛིན་དབང་པོ་དང་།  དགོན་པོའི་ཨ་ནི་ལྔ་བཅས་དགོན་པ་ནས་ལྷ་སར་སླེབས་པ་ཡིན། ཞོགས་པ་སྔ་པོར་ལྷ་ས་བར་སྐོར་སླེབ་མ་ཐག་ང་ཚོས་ ༼ བོད་རང་བཙན་དང་། ༸རྒྱལ་བ་རིན་པོ་ཆེ་༸སྐུ་ཚེ་ཁྲི་ལོར་གནས་པར་ཤོག ༽ ཅེས་སྐད་འབོད་དང་སྦྲགས་ཡིག་ཆ་མང་པོ་ཞིག་འགྲེམས་སྤེལ་བྱས་པ་ཡིན།

སྐབས་དེར་ཞོགས་པ་སྔ་པོ་ཡིན་སྟབས་བར་སྐོར་དུ་རྨོ་ལགས་འགའ་ཤས་ཤིག་གིས་ཁྱེད་ཚོ་འགྲིག་སོང་། ཡག་པོ་བྱུང་སོང་། དམག་མི་སླེབ་ཀྱི་འདུག ལོག་རོགས་གནང་། ཞེས་བརྗོད་སོང་། དེ་དུས་རྨོས་སྐད་ཆ་མི་ཉན་པར་མུ་མཐུད་སྐད་འབོད་བྱས་པར་བརྟེན་རྨོ་ལགས་གཅིག་གིས་ང་རང་འཇུས་ཏེ་ཟུར་གཅིག་ལ་ཁྲིད་སོང་། རྨོ་ལགས་གཞན་རྣམས་ཀྱིས་ཀྱང་དེ་དེ་བཞིན་གནང་བར་བརྟེན་ང་ཚོ་སྐབས་དེ་དུས་རྒྱ་ནག་ཉེན་རྟོག་པས་འཇུས་མ་སོང་།

ཕྱི་ལོ་ ༡༩༨༩ ཟླ་ ༡༠ ནང་ང་རང་རྩིས་པའི་ཨ་ནི་དྲུག་གིས་ལྷ་སའི་བར་སྐོར་ནང་ལ་བོད་རང་བཙན་དང་། ༸རྒྱལ་བ་རིན་པོ་ཆེ་༸སྐུ་ཚེ་ཁྲི་ལོར་གནས་པ་ཤོག་ཅེས་སྐད་འབོད་ཚིག་གཉིས་ལས་རྒྱག་རྒྱུ་བྱུང་མ་སོང་། གང་ཡིན་ཟེར་ན། སྐབས་དེ་དུས་རྒྱ་ནག་གཞུང་གིས་ལྷ་སར་དྲག་པོའི་ཁྲིམས་གཞི་ལག་བསྟར་བྱེད་བཞིན་འདུག སྐད་འབོད་རྒྱག་མ་ཐག་ང་ཚོ་འཛིན་བཟུང་བྱས་ཏེ་རྒུ་རྩ་བཙོན་ཁང་དུ་སྐྱེལ་པ་རེད། སྐབས་དེར་རྒུ་རྩ་བཙོན་ཁང་དུ་བཙོན་འཇུག་གིས་འདྲི་རྩད་བཏང་བྱུང་། ང་རང་ལ་འདྲི་རྩད་བཏང་མཁན་རྒྱ་མི་གཉིས་དང་། བོད་པ་གཉིས་འདུག  དྲི་རྩད་སྐབས་ཉེས་རྡུང་གི་ལག་ཆ་འདྲ་མིན་སྣ་ཚོགས་ངའི་ལུས་པོར་བེད་སྤྱོད་བྱས་སོང་།  འདྲི་རྩད་གནང་དོན། ཁྱེད་རང་རྒྱ་ནག་གཞུང་གི་དར་ཆ་དམར་པོོའི་འོག་ནས་འཚར་ལོངས་བྱུང་བ་ཞིག་ཡིན། ཁྱེད་རང་གི་གང་ཡང་མགོ་ཚུགས་ཀྱི་མེད། ཁྱེད་ཀྱི་རྒྱབ་ལ་ངན་སྐུལ་བྱེད་མཁན་སུ་ཡིན་ང་ཚོར་རྩིས་སྤྲོད་བྱེད་ཤོག  ཁྱེད་རང་ཚོ་ཨ་ནི་དྲུག་ནང་ནས་མགོ་ཁྲིད་མཁན་སུ་ཡིན། ཞེས་དང་།

དེ་ནས་ངས་ཕྲན་རང་ཉིད་བོད་པ་རྩམ་ཟན་པ་ཡིན། ངའི་རྒྱབ་ལ་ངན་སྐུལ་བྱེད་མཁན་སུ་ཞིག་མེད་པར་བརྟེན་རང་ངོས་ནས་སྐད་འབོད་བྱས་པ་ཡིན། མགོ་ཁྲིད་མཁན་ང་ཡིན། ཡོང་དགོས་པའི་རྒྱུ་མཚན་ནི། ལྷ་སར་དགོན་པའི་ཅ་ལག་ལེན་དུ་སླེབས་པ་ཡིན། སྐབས་དེར་༸སྐུ་མདུན་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་གཏན་འཁེལ་བར། ལྷ་སར་བསངས་གསོལ་དང་རྩམ་མཆོད་ཀྱི་རྟེན་འབྲེལ་གནང་གི་ཡོད་སྐོར་སོགས་ཀྱི་གནས་ཚུལ་རྣམས་དགོན་པར་བཤད་རྗེས་ཨ་ནི་རྣམས་ལ་ལྷ་སར་ངོ་རྒོལ་ཆེད་ངས་འཁྲིད་ཡོང་བ་ཡིན། ངས་ཁས་ལེན་བྱས་པ་ཡིན། དེ་རྗེས་ཉེན་རྟོག་པས་ངའི་ལུས་པོར་མནར་གཅོད་ཚད་མེད་བཏང་བ་དང་། ཕྱོགས་མཚུངས་ཉེན་རྟོག་པས་ལྷམ་ཚེམས་འཁོར་ལོ་འཁྱེར་སྟེ་ངའི་ལག་པའི་མཛུབ་མོའི་སེན་མོར་ཚང་མའི་ཐོག་ཏུ་འཚེམ་བུ་བརྒྱབ་སོང་། དེ་ནས་རྒྱ་མི་ཉེན་རྟོག་པ་གཅིག་གིས་ཁོ་རང་གི་ཐ་མག་རྣམས་ལ་ངའི་ཁའི་གཡས་གཡོན་བཙུག་ནས་སྐད་རྒྱག་མཁན་ཁྱེད་རང་གི་ཁ་འདི་རེད་ཅེས་བརྗོད་སོང་།

དེ་ནས་གློག་སྐུད་རྣམས་མཛུབ་མོར་དཀྲིས་ཏེ་གློག་རྒྱུན་ཤུགས་ཆེ་བཏང་བའི་སྐབས་དེར་ང་ལ་རྒྱུན་ལྡན་མིན་པའི་ཚོར་བ་མ་འདྲ་བ་ཞིག་བྱུང་བ་ནི། ངའི་ཁོག་པའི་ཁ་རལ་ཏེ། ངའི་གློ་སྙིང་མཆིན་གསུམ་ཆ་ཚང་ས་ལ་འཐོར་སོང་བསམ་པ་དེ་འདྲ་བྱུང་།  དེ་རྗེས་གཞི་ནས་དྲན་པ་ཐོར་འགྲོ་གི་འདུག ཉེན་རྟོག་པས་དྲན་པར་གསོ་སླད་ཆུ་ཤོལ་དྲན་པ་སླར་ཡང་གསོ་བཞིན་འདུག དྲན་པ་གསོ་སྐབས་ཁ་ནས་སྦུ་བ་མ་གཏོགས་གང་བྱས་པ་གང་ཡིན་ཧ་གོ་གི་མི་འདུག དེ་ནས་སླར་ཡང་ཉེས་རྡུང་དྲག་པོ་བཏང་སོང་། སྐབས་དེར་ང་རང་སྐད་བརྒྱབ་ནས་ངུ་བ་ཡིན། ངུ་བའི་སྐབས་མིག་ན་མཆི་མ་མ་ལྷུང་སྟབས། ཡང་ཡང་ཉེས་བརྡུང་བཏང་སོང་། དེ་ཉིན་གང་བོར་ཁ་ལག་ཙམ་མ་ཟད། ཆུ་ཐིག་པ་ཞིག་མེད་པར་ཉེས་བརྡུང་བཏང་བ་རེད། མཚན་ལ་ང་རང་བཙོན་ཁང་ཆུང་ཆུང་ཞིག་ནང་བཞག་སོང་། བཙོན་ཁང་དེའི་ནང་གདན་ཕྲ་བོ་ཆུང་ཆུང་ཞིག་འདུག  སྐབས་དེར་ལུས་པོར་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ལུས་པོར་སྨུག་ཐིག་ལ་སོགས་ཀྱི་ན་ཟུག་རྐྱེན་པའི་སར་བསྡད་མ་ཐུབ་པར་མཚན་གང་གྱང་ལ་སྙེ་ནས་ཡར་ལངས་་པ་ཡིན། དེ་ནས་ཁོང་ཚོས་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་ཞེས་པ་ནས་ང་ཚོར་ཁྲིམས་ཐག་གཅད་པ་རེད། ངའི་ཨ་ནི་རོགས་པ་ཕུན་ཚོགས་དཔལ་མོས་ཀྱང་ངའི་གོང་དུ་གང་ཞུས་པ་བཞིན་ཁོང་རང་གི་འགོ་ཁྲིད་པ་ཡིན་ཞེས་ཟེར་འདུག དེ་ནས་ཕུན་ཚོགས་དཔལ་མོ་ལ་ལོ་བརྒྱད་བཙོན་འཇུག་དང་། ང་ལ་ལོ་དགུ་བཙོན་འཇུག་ཁྲིམས་ཐག་གཅད་སོང་། གཞན་རྣམས་ལ་ལོ་ ༣ ཁྲིམས་ཐག་གཅད་ཡོད། དེ་ནས་ང་དང་ཕུན་ཚོགས་དཔལ་མོ་བྲབ་སྤྱི་བཙོན་ཁང་དུ་སྐྱེལ་བ་རེད། བྲབ་སྤྱི་བཙོན་ཁང་ནི་དམྱལ་ཁམས་མི་ཡུལ་སྟེང་སླེབས་པ་ལྟ་བུ་རེད།

ཕྱི་ལོ་ ༡༩༩༢  ཟླ་ ༣ ཚེས་ ༥་་་༦་་་༧ བོད་ཀྱི་ལོ་གསར་སྐབས་དང་བསྟུན། ཕྱི་ལོ་ ༡༩༨༩ ལོར་ངོ་རྒོལ་དྲན་གསོ་སླད་ང་ཚོ་མི་བདུན་ནས་གདུང་སེམས་མཉམ་སྐྱེ་ཞུས་པ་དང་། ཉེན་རྟོག་པས་མི་བདུན་ནང་ཚུད་ནས་རྒན་པ་ཨ་ཅག་ཆུང་བདག་ལགས་དང་ཟླ་བ་སྒྲོལ་མ་གཉིས་ཁྲིད་དེ་ང་ཚོས་ངོ་རྒོལ་བྱས་པར་བརྟེན་དྲག་གནོན་རྡུང་འདེགས་བཏང་སོང་། སྐབས་དེར་ང་ཤི་སོང་བསམ་པའི་ཚོར་བ་སླེབས་སོང་། དེ་ནས་ཆབ་སྲིད་བཙོན་པ་སྐྱེས་པ་རྣམས་ཀྱིས་སྐད་འབོད་ཤུགས་ཆེར་བྱས་ཏེ་ང་ཚོ་ཟུར་དུ་བཞག་ནས་ཁོང་ཚོ་འགྲམ་དུ་ཕྱིན་ནས་རྡུག་འདེགས་བཏང་སོང་།

ད་ལྟ་ངའི་ཚོར་སྣང་ལྟར་ན། ངའི་ཚེ་སྲོག་གཉིས་པ་དེ་ཁོང་ཚོས་གནང་བ་ཞིག་ཡིན། ཞེས་དྲན་གྱི་ཡོད། ཕྱི་ལོ་ ༡༩༩༣ ལོར་ང་ཚོ་བྲབ་སྤྱི་བཙོན་ཁང་ནང་ཡོད་པའི་མི་ ༡༤ ནས་སྐུ་མདུན་ལ་བསྟོད་གླུ་དང་བོད་རང་བཙན། བཙོན་ཁང་གི་གནས་སྟངས་བཅས་ཀྱི་སྐོར་གཞས་ཤིག་བརྩམས་པ་ཡིན།  དེ་ཉེན་རྟོག་པས་ཧ་གོ་བར་བརྟེན་ལོ་ ༥ ནས་༩ བར་བཙོན་འཇུག་གི་ཐག་གཅོད་བྱས་པ་རེད། ང་རང་མཚོན་ན་ལོ་བརྒྱད་ཀྱི་བཙོན་འཇུག་ཁ་སྣོན་བྱས་སོང་། ཁྱོན་བསྡོམས་ང་ལ་ལོ་ ༡༧ བཙོན་འཇུག་ཁྲིམས་ཐག་གཅད་པ་རེད།

ཕྱི་ལོ་ ༡༩༩༥་་་༡༩༩༦ ལོར་དམག་མི་སྦྱོང་བརྡར་སྤྲད་སོང་། བུད་མེད་རེད་ཅེས་ལོགས་སུ་མེད། དམག་མི་ལྟར་བྱེད་དགོས་ཀྱི་ཡོད་པ་བཀའ་བཏང་སོང་། ང་ཚོས་གང་ཐུབ་ཐུབ་བྱེད་ཀྱང་ཉེས་བརྡུང་ཚད་མེད་བཏང་སོང་། དེ་ནས་ང་ཚོ་གྲོས་བསྡུར་གྱིས་ཟས་བཅད་ངོ་རྒོལ་བྱས་པར་བརྟེན་འདྲི་རྩད་དང་ཆོགས་འདུ་བསྐོང་བའི་སྐབས་ཁོང་ཚོས། ཁྱེད་ཚོ་ཤི། སྤྱི་ཚོགས་ཀྱི་གད་སྙིགས་རེད། ལོག་སྤྱོད་པ། ཁྱེད་རང་ཚོ་འཆི་ན་རོ་རྣམས་ང་ཚོས་གད་སྙིགས་ནང་གཡུག་རྒྱུ་ཡིན། ཟེར་གྱི་འདུག ཉིན་བཞི་རྗེས་ང་ཚོའི་ལུས་པོ་སྐྱོ་རུ་ཕྱིན་པར་བརྟེན་སྨན་པ་འཁྲིད་འདུག

སྐབས་དེར་ཉེན་རྟོག་པས་རྗེས་མ་ནས་རྡུང་འདེགས་བཏང་མི་ཡོང་། ཟས་བཅད་ངོ་རྒོལ་མཚམས་འཇོག་དགོས་ཞེས་བརྗོད་པར་ཡིད་ཆེས་བློས་འཁེལ་བྱེད་པ་ཡིན། སྨན་པས་ང་ཚོའི་གཟུགས་པོའི་གནས་སྟངས་ལ་ཧང་སང་བྱེད་ཀྱི་འདུག  གོང་དུ་ཉེན་རྟོག་པས་བཤད་པ་དེ་བཞིན་ལག་ལེན་མ་བསྟར་བར་སླར་ཡང་ཉེས་རྡུང་བཏང་སོང་། ཟས་ཅད་ངོ་རྒོལ་བྱེད་སྐབས་ང་ཚོ་ཆུ་ཧུབ་གང་ཞིག་ཀྱང་འཐུང་མེད།

ཕྱི་ལོ་ ༡༩༩༨ ལོར་བུད་མེད་བཙོན་ཁང་གི་མདུན་དུ་ཐང་ཆེན་ཞིག་བཟོས་ཡོད།་ཕྱི་ལོ་ ༡༩༩༨ ཟླ་ ༥ ཚེས ༡ ལ་ཐང་ཆེན་དེར་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་གནང་སོང་། དེར་ང་ཚོ་འཁྲིད་མ་སོང་། ཆབ་སྲིད་བཙོན་པ་མིན་པར་བཙོན་པ་གཞན་འཁྲིད་སོང་། དེར་བཙོན་པ་གཞན་རྣམས་ནས་ ༼ བོད་སའི་སྒང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་མི་ཆོག ༽ ཅེས་སྐད་འབོད་དང་ངོ་རྒོལ་ཤུགས་ཆེ་གནང་བར་བརྟེན་སྒོ་རའི་ནང་མེ་མདའ་དང་མིས་སྐད་བཏུམས་སོང་། སྐབས་དེར་ངའི་ཚོར་སྣང་ལ། ཐང་ཆེན་དུ་ཕུང་པོ་དང་ཁྲག་གི་འཁེངས་སོང་།

དེ་ནས་སླར་ཡང་ཕྱི་ཚེས་ ༤ ཉིན་རྒྱལ་དར་སྒྲེང་འཛུགས་བྱེད་སོང་། ང་ཚོའི་བཙོན་ཁང་ནས་ངོ་རྒོལ་སྐད་འབོད་བྱས་ཀྱང་ཕྱི་ལ་འབོད་སྒྲ་ཐོས་ཀྱི་མེད་པར་བརྟེན་བཙོན་ཁང་གི་སྒེའུ་ཁུང་ཤེལ་བཅག་ནས་སྐད་འབོད་བྱེད་པ་ཡིན། སླར་ཡང་ཉེན་རྟོག་པས་དྲུད་ཤར་གཏོང་རྗེས་གདུག་རྩུབ་ཅན་གྱི་ཉེས་རྡུང་ཚད་མེད་བཏང་བའི་རྗེས་ཕན་ཚུན་ངོ་ཤེས་ཀྱི་མི་འདུག དེ་འདྲའི་གདུག་རྩུབ་མནར་གཅོད་བཏང་སོང་།

དེ་ནས་ཁང་པ་གྲུ་བཞི་ཆུང་ཆུང་ནང་མི་བཅུ་གཉིས་བཞག་སོང་། སྐབས་དེར་གསང་སྤྱོད་ཚབ་ཏུ་མི་ ༡༢ ལ་ལྕགས་ཀྲིན་ཆུང་ཆུང་ཞིག་འདུག དེར་བུད་མེད་ཞིག་ཡིན་སྟབས་དཀའ་ངལ་ཤུགས་ཆེ་བྱུང་། ཕྱོགས་མཚུངས་གདོང་འཁྲུས་སླད་ཆུ་ཡང་མི་འདུག ཟླ་བ ༣་་་་་༤ རིང་གནས་སྟངས་དེ་འདྲའི་འོག་བསྡད་པ་ཡིན།

རྒྱ་ནག་གཞུང་གི་བཙོན་ཁང་གི་སྒྲིག་ཁྲིམས་ནང་གསལ་ལྟར། བཙོན་པར་ཟླ་བ་གཅིག་ནང་ཕ་མ་སྤྲུན་མཆེད་ལ་སོགས་ཐུག་འཕྲད་ཐེངས་གཅིག་བྱས་ཆོག་པའི་ཁྲིམས་འཁོད་ཡོད་ཀྱང་། གུས་མོར་ཟླ་བ་ ༦ རིང་ཐུག་འཕྲད་བཀའ་འགོག་བྱེད་པ་རེད།

བཙོན་ཁང་ནང་བལ་གོས་སླེ་བའི་ལས་ཀ་བྱེད་ཡིན། ལས་དོན་དེ་དག་བཀོད་ཁྱབ་ལྟར་བྱེད་མི་ཐུབ་ཚེ་ནང་མི་ཐུག་འཕྲད་བྱས་མི་ཆོག ང་རང་ངོས་ནས་ནང་མི་ཐུག་འཕྲད་བྱ་རྒྱུ་ཧ་ཅང་རྩ་ཆེན་པོ་རྩི་བཞིན་ཡོད་པར་བརྟེན་ལས་དོན་ཧུར་ཐག་བྱེད་ཀྱི་ཡོད། དགུན་དུས་གནམ་གཤིས་གྲང་ངར་ཆེ་བར་བརྟེན་ཧ་ཅང་དཀའ་ཚེགས་ཆེན་པོ་འདུག  ཕྱི་ལོ་ ༡༩༩༧ ནས་ ༢༠༠༤ བར་མི་ཚེ་དེ་རང་འཁྱོལ་ནས་བསྡད་ཡིན།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ལོ་ ༡༥ རྗེས་བཙོན་ཁང་ནས་གློད་བཀྲོལ་ཐུབ་བྱུང་ནའང་། ངའི་ནང་ལ་རྒྱ་མི་ཉེན་རྟོག་པ་བསྡད་དེ་ནང་ལ་འགྲུལ་པ་ཡོང་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་སུན་གཙེར་འོག་ལོ་ ༢ བསྡད་པ་ཡིན། 

གོང་དུ་ཞུས་པ་ལྟར་སྐུ་མདུན་གྱི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་། ཨ་རི། རྒྱལ་ཁབ་འདྲ་མིན་གྱི་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་མཁན། གཞུང་འབྲེལ་མིན་པའི་ཚོགས་པ་བཅས་ཀྱིས་རྒྱབ་སྐྱོར་འོག་སྨན་བཅོས་ཀྱི་མིང་ཐོག་ནས་ཨ་རིར་སླེབས་པ་ཞིག་ཡིན། སུད་སིར་སྐྱབས་བཅོལ་གནང་བར་བརྟེན་ད་ཆ་སུད་སིར་གནས་སྡོད་བྱེད་བཞིན་ཡོད། ངས་གོང་དུ་ཞུས་པ་རྣམས་ལོ་ ༡༥ ནང་ཚུད་ལ་དཀའ་སྡུག་མྱངས་པ་དུམ་བུ་ཆུང་ཆུང་ཞིག་ཡིན། ཆ་ཚང་བཤད་ན་བཤད་ཚར་རྒྱུ་མེད།

ཕྲན་རང་གི་ལོ་རྒྱུས་ལ་དཔེ་བླངས་ཏེ་བོད་ནང་ལ་ཡོད་པའི་ཆབ་སྲིད་བཙོན་པ་རྣམས་དེ་དེ་བཞིན་གནས་སྟངས་མྱངས་བཞིན་ཡོད། ཉིན་ལྟར་ཇེ་ཞན་དུ་འགྲོ་བ་ལས་བཟང་དུ་འགྲོ་རྒྱུ་མེད། ང་རང་ཁོང་རྣམས་ཀྱི་ནང་ནས་དྲག་ཤོས་ཤིག་ཡིན་པ་བསམ་གྱི་ཡོད། གང་ཡིན་ཟེར་ན་བཙོན་ཁང་ནང་སྲོག་ཤོར་མ་སོང་། ༸རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་རྒྱལ་དུ་སླེབས་ཐུབ་པ་བྱུང་སོང་། ཕྱི་རྒྱལ་ལུང་པར་གང་ཅིའི་ཐད་རང་དབང་ཆ་ཚང་འདུག

བོད་ལ་ཆ་བཞག་ན། བཙོན་ཁང་ནས་ཕྱིར་ཐོན་ན་ཡང་རང་དབང་སྤུ་ཙམ་ཡང་མེད། ཕྱི་གཟུགས་པོ་དང་ནང་སེམས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་དང་འཚོ་བའི་གནས་སྟངས་ཐོག་རྟེན་ས་གང་ཡང་མེད་པ་ལྟར་འགྱུར་གྱི་ཡོད། གྲྭ་བཙུན་རྣམས་བཙོན་ཁང་ནས་ཕྱིར་ཐོན་རྗེས་སོ་སོའི་དགོན་པར་སླར་ཡང་ལོག་མི་ཆོག བཙོན་ཁང་ནས་ཐོན་པའི་ཆབ་སྲིད་བཙོན་ཟུར་རྣམས་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་སུན་གཙེར་ཤུགས་ཆེ་དང་། དབྱེ་འབྱེད་བྱེད་ཀྱི་ཡོད།

ད་ཆ་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། ། 

Share with your friends










Submit