ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པྲཱག་ནང་ཞི་བདེའི་ལྷན་ཚོགས་ཐེངས་ ༢༣ Forum 2000 སྐབས་དང་བསྟུན། བགྲོ་གླེང་ལས་རིམ་ཞིག་སྐབས་སྲིད་སྐྱོང་མཆོག་གིས་དེང་དུས་ཤེས་ཡོན་ལམ་ལུགས་ནང་བཟང་སྤྱོད་ཀྱི་སློབ་གསོ་དགོས་གལ་སྐོར་གསུངས་འདུག བཟང་སྤྱོད་གཞི་རྩར་གྱུར་བའི་དེང་དུས་ཤེས་ཡོན་གྱི་སློབ་གསོ་སྤེལ་ཐུབ་པ་བྱུང་ན་དེང་སྐབས་འཛམ་གླིང་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་ཐུབ་སྐོར་དང་། ལྷག་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་ལྟར་རིས་མེད་ཀྱི་བཟང་སྤྱོད་གཞི་རྩར་བཟུང་བའི་དེང་དུས་ཤེས་ཡོན་གྱི་ལམ་ལུགས་SEE learning དར་འཕེལ་གཏོང་ཐབས་མཛད་བཞིན་པའི་རླབས་ཆེན་གྱི་མཛད་ཁུར་སྐོར་གསུངས་འདུག
ཕྱོགས་མཚུངས་དེང་སྐབས་འཛམ་གླིང་ནང་མང་གཙོའི་ལམ་ལུགས་ཀྱི་ཤུགས་རྐྱེན་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་འདིར་སྲིད་འཛིན་ཞིང་གཤེགས་སྐུ་ཞབས་ཝ་སི་ལབ་ཧ་ཝེལ་ Vaclav Havel མཆོག་གིས་བཟང་སྤྱོད་ཀྱི་འགན་ཁུར་བཞེས་ཕྱོགས་ཀྱི་ཤུགས་རྐྱེན་དེ་ཆབ་སྲིད་ནང་སླེབས་སྐོར་སོགས་གསུངས། བགྲོ་གླེང་སྐབས་ཀོ་རོ་ཤི་ཡའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་Haykuhi Harutyunyanམཆོག་སོགས་ཕེབས་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་དེང་སྐབས་ཆབ་སྲིད་འགོ་ཁྲིད་ཁག་གཅིག་ཆབ་སྲིད་ཀྱི་ལས་དོན་རང་ལ་རིག་གཅིག་རྐང་འཛིན་ལྟ་བུའི་འདུ་ཤེས་འཛིན་ནས་དབང་ཆར་རྔམ་སེམས་སྐྱེ་བཞིན་པར་བརྟེན་མི་མང་གིས་རང་ཉིད་ལ་དཀྲི་བའི་ལས་འགན་རྣམས་རིམ་བཞིན་བརྗེས་ནས་དབང་ཆའི་འཐབ་རྩོད་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། དུས་བཀག་རྒྱས་བཅད་ཐོག་ནས་འགོ་ཁྲིད་ཀྱི་ལས་འགན་ལ་ཚོད་འཛིན་གནང་དགོས་པའི་བསམ་ཚུལ་གསུངས།
བགྲོ་གླེང་སྐབས་དེར་དེང་སྐབས་ཆབ་སྲིད་ཚོགས་པ་ཁག་གི་རང་གི་ཆབ་སྲིད་ཚོགས་པའི་དམིགས་ཡུལ་དང་དགོས་མཁོ། དབང་ཆ་སོགས་གཙིགས་ཆེར་འཛིན་པ་ལས་མི་མང་ཐོག་ལས་འགན་ཇི་ཡིན་སྐོར་བསམ་བློ་བཏང་གི་མེད་སྐོར་བགྲོ་གླེང་བྱུང་འདུག ཕྱོགས་མཚུངས་གང་ཟག་སྒེར་གྱི་ལས་འགན་དང་སྤྱི་མང་གི་ཤེས་ཡོན་གོ་རྟོགས་འཕེལ་རྒྱས་གཏོང་ཐབས་སོགས་སྐོར་གླེང་མོལ་གནང་འདུག
བགྲོ་གླེང་གི་མཐའ་མར་དེང་དུས་ཤེས་ཡོན་ལམ་ལུགས་དེ་བཟང་སྤྱོར་གཞི་རྩར་བཟུང་བ་ཞིག་དགོས་གལ་དང་། ང་ཚོ་དང་ཁོ་པ་ཚོ་ཞེས་ཕྱོགས་ཕན་ཚུན་རང་རྒྱལ་གཞན་ཕམ་གྱི་བསམ་བློ་གཏོང་སྟངས་དེ་རྗེས་ལུས་ཀྱི་བསམ་བློ་ཞིག་ཡིན་སྟབས་རང་དང་གཞན་དབར་བར་ཐག་དེ་ཇེ་ཉུང་དུ་བཏང་བ་བརྒྱུད་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་ཐུབ་ཐབས་སྐོར་བཀའ་མོལ་གནང་འདུག
དེ་རིང་ཕྱི་ཚེས་ ༡༥ ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ Jiri Ruzicka མཆོག་དང་། ཡུལ་དེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Přemysl Rabas མཆོག་ལྷན་ཞུགས་ཐོག་སྲིད་སྐྱོང་མཆོག་གིས་བོད་དོན་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག དེ་ནས་སྲིད་སྐྱོང་མཆོག་གིས། གློག་རྡུལ་འཕྲུལ་ཆས་ཀྱིས་སོ་ལྟ་བྱེད་བཞིན་པའི་དུས་རབས་ ༢༡ རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས། Human Rights in the 21st Century Digital Surveillance State ཞེས་པའི་བརྗོད་གཞིའི་སྐོར་བགྲོ་གླེང་གནང་རྒྱུ་ཡིན་འདུག་པ་བཅས།