ཟླ་བ་ ༡༠ ཚེས ༡༤ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ རེས་གཟའ་ཟླ་བ། 

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་དང་། བལ་གོས་ཚོང་འདུས་ཀྱི་ས་གནས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་དང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་རྣམ་གཉིས་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༤ ནས་ ༢༨ བར་ཉིན་གྲངས་ ༡༥ ཙམ་རིང་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཀྲི་དང་། མེཧ་གྷ་ལ་ཡའི་མངའ་སྡེའི་གྲོང་ཁྱེར་ཤེས་ལོངས། ཨ་རུ་ན་ཅཱལ་མངའ་སྡེའི་རྒྱལ་ས་ཨི་ཀྲ་ན་གྷར་དང་། བསྟན་འཛིན་སྒང་བོད་མིའི་གཞིས་ཆགས། འབུམ་སྡེ་ལ། མོན་རྟ་དབང་། རྡི་རང་ས་གནས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།

དེ་ཡང་སྤྱི་འཐུས་རྣམ་གཉིས་ཕྱི་ཚེས་ ༡༤ ཉིན་སོ་སོའི་བཞུགས་གནས་ནས་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་གོ་ཧ་ཀྲིར་ཕེབས་ཐོན་གནང་རྒྱུ། ཕྱི་ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་ཤེས་ལོངས་ས་གནས་སུ་ལས་རིམ། ཕྱི་ཚེས་ ༡༩ ནས་ ༢༦ བར་ཉིན་བརྒྱད་རིང་གོང་གསལ་ས་གནས་གཞན་ཁག་ལ་ལས་རིམ། ཕྱི་ཚེས་ ༢༧ ཉིན་གོ་ཧ་ཀྲི་ནས་ལྡི་ལིར་ཕྱིར་ཕེབས་གནང་རྒྱུ་དང་། ཕྱི་ཚེས་ ༢༨ ཉིན་ལྡི་ལི་ནས་སོ་སོའི་བཞུགས་གནས་སུ་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །