ཟླ་བ་ ༡༠ ཚེས ༢༢ ༢༠༡༩
 གསར་ལས་ཁང་གི་གསར་འགོད་པས།

༢༠༡༩ ཟླ་ ༡༠ ཚེས་ ༢༢ རེས་གཟའ་མིག་དམར།

༄༅། །ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་ཚོགས་གཙོ་དང་སྲིད་བློན་ལས་ཐོག་སྐུ་ཞབས་ Prime Minister Justin Trudeau མཆོག་ལ་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༢ ཉིན་སྲིད་བློན་མཆོག་ལ་འཚམས་འདྲི་མཛད་དོན། 

ཁེ་ན་ཌའི་སྲིད་གཞུང་གིས་འཁྲུག་རྩོད་ཡོད་སའི་འཛམ་གླིང་ས་ཁུལ་ཁག་ནས་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་མཁན་བྲོས་བྱོལ་བ་རྣམས་ལ་སྙིང་རྗེས་ཀུན་ནས་བླངས་སྟེ་ཡུལ་མིའི་ཐོབ་ཐང་གནང་བའི་སྲིད་བྱུས་དེར་ངོས་ཀྱིས་གོ་སྐབས་འདི་བརྒྱུད་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད།  ངོས་རང་ཉིད་ལའང་ཁེ་ན་ཌའི་ཆེས་བསྟོད་མི་སེར་གྱི་ཐོབ་ཐང་གནང་ཡོད།  ཁེ་ན་ཌའི་སྲིད་གཞུང་གིས་སྐྱབས་བཅོལ་བ་ཚོར་གནང་ཕྱོགས་དེས་སེམས་ནང་དགའ་སྤོབས་སྐྱེ་བཞིན་འདུག   གཞི་རྩའི་འགྲོ་བ་མིའི་བཟང་སྤྱོད་དང་མཐུན་པ་ཞིག་ཀྱང་རེད། 

དེ་སྔ་ངོས་རང་ཁེ་ན་ཌར་ཐེངས་མང་སྐྱོད་སྐབས་ཡུལ་མི་ཚོས་མཛའ་བརྩེའི་རྣམ་འགྱུར་བསྟན་པ་དེས་སེམས་འགུལ་ཆེན་པོ་ཐེབས་བྱུང་།  ཕྱི་ལོ་ ༡༩༧༠ ལོ་འགོ་ཙམ་ནས་ཁེ་ན་ཌའི་གཞུང་གིས་འགན་ཁུར་རྐང་བཞེས་ཐོག་བོད་མི་བཙན་བྱོལ་བ་ཁག་གཅིག་སྐྱབས་བཅོལ་དུ་བཞེས་ཡོད་སྟབས་ངོས་ཀྱིས་ཁེ་ན་ཌའི་གཞུང་མང་གཉིས་ལ་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  བོད་མི་དེ་དག་གིས་མི་རིགས་དང་རིགས་གནས་སྣ་མང་འདུས་པའི་ཁེ་ན་ཌའི་རྒྱལ་ཁབ་ཀྱི་བདེ་དོན་ཐོག་ཞབས་འདེགས་རྒྱ་མི་ཆུང་བ་ཞིག་བསྒྲུབས་དང་སྒྲུབ་མུས་ཡིན། དེ་ནི་དགའ་ཚོར་སྐྱེ་གཞིར་གྱུར། ཅེས་འཁོད་པ་མ་ཟད།

མཐའ་དོན་མགོན་པོ་མཆོག་གིས་སྲིད་བློན་མཆོག་གི་ལས་ཡུན་རིང་ལས་དོན་གང་ཅིར་བྱ་བ་ལམ་ལྷོངས་དང་།  མི་མང་གི་མངོན་འདོད་རྣམས་འགེགས་མེད་ལྷུན་འགྲུབ་ཡོང་བའི་ཐུགས་སྨོན་རྒྱ་ཆེ་མཛད་པ་བཅས།།

ཨིན་ཡིག་ནས་བོད་སྒྱུར་ཞུས་པས་ཨིན་ཡིག་མ་དཔེར་བརྩི་རོགས་ཞུ།

 

 

 

Share with your friends










Submit