ཟླ་བ་ ༡༠ ཚེས ༣ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ རེས་གཟའ་ཕུར་བུ། 

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་མགོན་པོ་གང་ཉིད་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་དད་ལྡན་ཆོས་ཞུ་བ་གྲངས་ ༡༢༠༠ དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ ༦༡ ནས་ཕེབས་པའི་ཆོས་ཞུ་བ། དེ་བཞིན་བོད་མི་སེར་སྐྱ་ཕོ་མོ་བཅས་ཁྱོན་ཆོས་ཞུ་བ་གྲངས་ ༧༠༠༠ ལྷག་ལ་ཉིན་གྲངས་གསུམ་རིང་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་གསུང་ཆོས་དབུ་འཛུགས་དང་འབྲེལ་བཀའ་སློབ་སྩལ་དོན།  དེ་རིང་ཐེ་ཝན་གྱི་བསྟན་འཛིན་བྱམས་ཆེན་གྱི་ཆོས་ཚོགས་གཙོ་བོར་གྱུར་བའི་རྒྱ་རིགས་མང་པོ་ཞིག་འདིར་སླེབས་ཡོད།

ང་ཚོ་འདིར་འདུས་པ་དེ་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་སེམས་འགྱུར་བ་གཏོང་རྒྱུའི་ཆེད་དུ་རེད། དེ་རིང་ཁ་སང་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དཔལ་ནཱ་ལེནྜའི་ཆོས་བརྒྱུད་སེམས་ཁམས་རིག་པ་གཙོ་བོ་བྱས་ནས་ཚད་མ་རིག་པ་གཙོ་བོ་རྒྱུ་མཚན་ལ་བསམ་བློ་བཏང་ནས་འགྲོ་གི་ཡོད། དེར་བརྟེན་སེམས་ནང་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ཟེར་བའི་གྲས་དེ་དག་གིས་ཁ་ཐུག་སེམས་དཀྲུགས་པ་མ་ཟད། གཟུགས་པོ་ལའང་གནོད་སྐྱེལ་གྱི་ཡོད་པ་ཚན་རིག་པས་བཤད་ཀྱི་འདུག  ཁོང་ཁྲོ་དང་ཕྲག་དོག་ཤུགས་ཆེན་པོ་བྱས་ནས་བསྡད་པ་ཡིན་ན། ལུས་པོའི་ནད་འགོག་བྱེད་ཟུངས་ Immune system ཉམས་པ་ཚན་རིག་པ་དང་སྨན་པ་ཚོས་ཀྱང་བཤད་ཀྱི་འདུག ཚན་རིག་གི་ཐོག་ནས་ར་འཕྲོད་ཡོང་གི་ཡོད།  གང་ལྟར་སེམས་ཀྱི་ཞི་བདེ་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་རེད། སེམས་ཀྱི་ཞི་བདེ་དཀྲུག་མཁན་གང་ཡིན་པ་དང་། 

དེ་ངོས་འཛིན་པའི་ཐོག་ནས་དེར་གདོང་ལེན་བྱེད་དགོས། དཔེར་ན་ནད་ན་ཚ་བྱུང་ནས་སྨན་ཟ་བ་ནི་ནད་འབུ་ཕྲ་རབ་ལ་གདོང་ལེན་བྱེད་པར་སྨན་གྱི་ནུས་པ་ཁ་ཐུག་ལ་བེད་སྤྱོད་བྱས་ནས་འགྲོ་བཞིན་དང་།  དེ་བཞིན་ཚ་གྲང་གི་སྡུག་བསྔལ་ལྟ་བུར་ཆ་བཞག་ན་ཚ་བས་གདུང་ན་གྲང་གློག་སྤར་བ་དང་། གྲང་བའི་གདུང་སྐབས་གང་ལྟར་ཚ་རེག་གཏོང་བའི་རིགས་འཕྲུལ་ཆས་ཀྱིས་བཟོ་ཐུབ་པ་ཞིག་འདི་ལྟར་འགྲོ་བཞིན་ཡོད་པ་རེད། དེ་བཞིན་དུ་སེམས་མ་སྐྱིད་པ་ཡོང་བ་ནི་སེམས་དཀྲུགས་ནས་ཡོང་གི་ཡོད་པས་དཀྲུགས་མཁན་དེ་ངོ་ཤེས་པར་བྱེད་དགོས། སེམས་མ་སྐྱིད་པ་དཀྲུག་མཁན་དེ་ངོ་ཤེས་པ་བྱེད་དགོས། སེམས་དཀྲུག་མཁན་དེ་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ཟེར་བ་དེ་དག་གྲས་རེད།
 སེམས་དཀྲུག་མཁན་ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ཟེར་བ་དེ་དག་ལ་རྒྱུ་མཚན་ག་རེ་འདུག བསམ་བློ་བཏང་བ་ཡིན་ན། དཔེར་ན་དེ་རིང་མི་ཞིག་ལ་ཁོང་ཁྲོ་བཟས་པ་ཡིན་ན། སང་ཉིན་གནངས་ཉིན་མི་དེ་དང་གྲོགས་པོ་ཆགས་རྒྱུ་ཡོད། སོ་སོར་གནོད་སྐྱེལ་མཁན་ལ་ཁོང་ཁྲོ
་བསྟན་པ་ཡིན་ན་སྡུག་ཏུ་འགྲོ་རྒྱུ་མ་གཏོགས་མེད། ཚུར་ཟུར་ཟ་དང་། སྐྱོན་བརྗོད། མ་དགའ་བ་ཡོང་གི་ཡོད་ནའང་སོ་སོའི་ངོས་ནས་ཕར་བཟོད་པ་དང་བྱམས་བརྩེ་བསྒོམས་དགོས། དེ་འདྲ་བྱུང་ན་རིམ་བཞིན་སོ་སོའི་སེམས་ནང་གི་ཁོང་ཁྲོ་དེ་མེད་པ་ཆགས་རྒྱུ་ཡིན་པ་མ་ཟད། སོ་སོར་རྒྱག་རེས་རྒྱག་མཁན་དགྲོ་བོ་དེ་ཡང་གཉེན་དུ་འགྱུར་ཐུབ།  གང་ལྟར་བསམ་བློ་ཡག་པོ་ཞིག་བཏང་བ་ཡིན་ན། ཁོང་ཁྲོ་དང་། ང་རྒྱལ། ཕྲག་དོག་ཟེར་བ་དེ་དག་གིས་འཕྲལ་དུ་སེམས་རྒྱུད་དཀྲུགས་པ་མ་ཟད། སོ་སོའི་གྲོགས་པོ་དེ་དག་ཀྱང་དགྲ་ཆགས་རྒྱུ་རེད།  སོ་སོའི་ལུས་པོར་ཡང་མི་བདེ་བ་ཡོང་གི་རེད། དེར་བརྟེན་སེམས་ཞི་བདེ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། 

ནང་པའི་གཞུང་གཅིག་པུ་མ་ཡིན་པར་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མས་བྱམས་བརྩེ་གསུང་ཡོང་གི་འདུག །དེ་ག་རེ་རེད་ཟེར་ན། ཆོས་ལུགས་ཚང་མ་མིའི་སྤྱི་ཚོགས་དང་འདྲེས་བསྡད་ཡོད། དེར་བརྟེན། མིའི་སྤྱི་ཚོགས་ལ་བྱམས་བརྩེ་བཟོ་རྒྱུ་རྩ་ཆེ་ཤོས་ཤིག་ཆགས་ཡོད། དེ་ཡང་ཚན་རིག་པས་ང་ཚོ་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་རེད་ཟེར། ཨིན་ཇིའི་སྐད་དུ་social animalརེད། social animalཅི་འདྲ་ཞིག་ཡིན་ནའང་རང་བཞིན་གྱིས་སྒེར་སོ་སོ་འཚོ་བ་ནི་སྤྱི་ཚོགས་ལ་བརྟེན་ཡོད། སྤྱི་ཚོགས་ལ་བརྟེན་དགོས་ཀྱི་ཡོད་པས་སྐྱེས་པའི་ཉིན་མོ་ནས་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཆགས་ཡོད་པས་རོགས་པ་ཞིག་ཡོད་ན་གད་མོ་དགོད་པ་དང་འཛུམ་ཤིག་ཤིག་ཡིན་པ་དང་། བྱམས་བརྩེ་ལྡན་པའི་རོགས་པ་ཞིག་ཡོད་ན་ཕྲུ་གུ་དེ་ཡང་སྐྱིད་པོ་ཡོང་། གལ་སྲིད་ཨ་མས་ཡལ་བར་དོར་བ་ཡིན་ན་ཕྲུ་གུ་དེ་ཤི་འགྲོ་གི་རེད། དེར་བརྟེན། ང་ཚོའི་མི་ཚེ་ནི་བྱམས་བརྩེའི་ཐོག་ནས་འགོ་འཛུགས་འདུག །མཐའ་མ་ཤི་ཁར་སོ་སོའི་འཁྲིས་སུ་བྱམས་བརྩེ་ལྡན་པའི་གྲོགས་པོ་གྲོགས་མཆེད་ཀྱིས་བསྐོར་ནས་བསྡད་པ་ཡིན་ན། ཤི་མཁན་སོ་སོ་སེམས་ལྷོད་ལྷོད་ཡོང་ཐུབ་ཀྱི་རེད། ཤི་ཁར་རྒྱུ་དངོས་པོ་དང་སྟོབས་ག་ཚོད་ཡོད་པ་ཡིན་ནའང་དེས་ཕན་ཐོགས་མེད་པ་ཧ་ཅང་གསལ་བོ་རེད། དེར་བརྟེན། བྱམས་བརྩེ་ནི་མི་ཚེ་ཐོག་མ་འགོ་བཙུགས་པ་ནས་མཐའ་མ་ཤི་བའི་སྐབས་སུའང་འབྲེལ་བ་ཡོད་པ་ཞིག་དང་ཕན་ཐོགས་ཡོད་པ་ཞིག་ཏན་ཏན་རེད། 

ང་ཚོ་སྤྱི་ཚོགས་ལ་བརྟེན་ནས་སྡོད་མཁན་ཞིག་ཡིན་པ་དང་། དེ་སྔ་ཡིན་ན་སྤྱི་ཚོགས་ཟེར་དུས་སོ་སོའི་མི་སྡེ་ (community) ཆུང་ཆུང་ཞིག་རེད། ཕ་མ་དང་ཕ་མའི་གཉེན་འབྲེལ་བཅས་ཆུང་ཆུང་ཞིག་རེད། དེ་ནས་རིམ་བཞིན་ང་ཚོའི་མི་ཚེའི་འགྲོ་སྟངས་འཁྲུག་ཆ་དོད་པོ་ཆགས་ཡོང་དུས་ལུང་པའི་མི་མང་ཡོངས་རྫོགས་སོ་སོའི་བདེ་སྡུག་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དེ་ལ་ཕར་བསམ་བློ་བཏང་བ་ཡིན་ན་ཨེ་ཤ་ཡའི་འབྱུང་འགྱུར་གྱི་བདེ་སྡུག་དེ་ནུབ་ཕྱོགས་ལའང་འབྲེལ་བ་ཡོད་པ་ཞིག་དང་། ནུབ་ཕྱོགས་ཀྱི་འབྱུང་འགྱུར་གྱི་བདེ་སྡུག་དེ་ཨེ་ཤ་ཡ་ལ་འབྲེལ་བ་ཡོད་པ། དེ་བཞིན་འཛམ་གླིང་ལྷོ་མ་དང་བྱང་མ། མདོ་དོན་ཡང་སྙིང་འཛམ་གླིང་འདིར་མི་དུང་ཕྱུར་བདུན་ཅུ་ཡོད་པ་ཚང་མ་མིའི་སྤྱི་ཚོགས་གཅིག་པ་རེད། དེར་བརྟེན། མི་སྒེར་སོ་སོའི་མི་ཚེ་སྐྱིད་པོ་ཞིག་ཡོང་མ་ཡོང་ནི་འཛམ་གླིང་མི་གྲངས་དུང་ཕྱུར་བདུན་ཅུའི་སྤྱི་ཚོགས་དང་འབྲེལ་བ་ཡོད་པས་ངོས་ཀྱིས་ནམ་རྒྱུན། འཛམ་གླིང་གི་མི་དུང་ཕྱུར་བདུན་ཅུ་ལ་མི་གཅིག་མཚུངས་ཀྱི་འདུ་ཤེས་སྐྱེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་ཟེར་གྱི་ཡོད། དུད་འགྲོ་སེམས་ཅན་ཚང་མར་ཕན་བདེ་སྒྲུབ་པའི་བློ་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཡིན་ནའང་། དུད་འགྲོ་ཚོར་མིའི་རྣམ་དཔྱོད་མེད་པས་སྐད་ཆ་བཤད་མི་ཐུབ་པས་ཧ་ཅང་ཁག་པོ་རེད། སྨོན་ལམ་རྒྱག་རྒྱུ་མ་གཏོགས། ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལས་སེམས་ཅན་ཐམས་ཅད་ཟེར་གྱི་ཡོད་པ་རེད། སེམས་ཅན་ཐམས་ཅད་ཟེར་བ་དེ་ཕར་མཛུབ་མོ་བཙུགས་ནས་ཕྱིན་པ་ཡིན་ན་འཛམ་གླིང་འདིའི་མི་གྲངས་དུང་ཕྱུར་བདུན་ཅུ་འདི་རེད། འདི་ལ་ང་ཚོས་སྐད་ཆ་བཤད་ཐུབ་པ་རེད། སྐད་འདྲ་མི་འདྲ་ཡིན་ཀྱང་མིའི་རྣམ་དཔྱོད་ཡོད་པས་གོ་བརྡ་སྤྲོད་རྒྱུ་ཡོད། 

ང་ཚོས་སེམས་ཅན་ཐམས་ཅད་ཅེས་པ་ལ་ཁ་ཡོད་ལག་ཡོད་ཀྱིས་བསམ་བློ་བཏང་བ་ཡིན་ན། འཛམ་གླིང་འདིར་སྲོག་ཆགས་གྲངས་མེད་པ་ཡོད་ཀྱང་བྱེད་ཐབས་མི་འདུག །མི་དུང་ཕྱུར་བདུན་ཅུ་ཡོད་པ་ལ་ང་ཚོ་དེའི་གྲས་ཡིན་པས་ག་ཚོད་ཐུབ་ཐུབ་ཀྱིས་ཕན་ཐོགས་བྱེད་པའི་གོ་སྐབས་འདུག །ང་ཚོར་མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ཡོད་པ་འདི་ཉོན་མོངས་པའི་བྲན་གཡོག་ཏུ་འགྲོ་གྲབས་བྱེད་བཞིན་འདུག །དེ་ནོར་འཁྲུལ་རེད། མིའི་རྣམ་དཔྱོད་ཁྱད་དུ་འཕགས་པ་ཞིག་ཡོད་པ་དེ་ལ་བྱམས་བརྩེས་དབང་བསྒྱུར་ཐུབ་པ་ཞིག་བྱུང་ན། ཅི་ཙམ་གྱིས་མིའི་རྣམ་དཔྱོད་ཡོད་པ་དེ་ཙམ་གྱིས་སོ་སོའི་སེམས་ལ་བདེ་སྐྱིད་ཡོང་བ་ཞིག་ཡོང་ཐུབ་པ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །

 

 

 

Share with your friends










Submit