Published By བ་ར་ཡེ་ཤེས་ཀུན་གྲགས།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པ་དང་ཁྱབ་ཁོངས་སྨན་ཁང་ཁག་གི་འགན་འཛིན་རྣམས་ལ་ཉིན་གྲངས་གཉིས་རིང་གི་སྐོར་བསྐྱོད་འཕྲོད་བསྟེན་སློབ་གསོའི་ལས་གཞི་ཐོག་རྒྱུས་མངའ་ལམ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་། དྲུང་འཕར་བྱམས་པ་ཕུན་ཚོགས་ལགས། ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ། ཟབ་ཁྲིད་པ་སྨན་པ་བློ་བཟང་ཚེ་རིང་ལགས་དང་བི་ཀས་ཌ་གུར་ Mr. Vikas Dagur ལགས། དེ་བཞིན་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་གྲངས་ ༤༥ དང་། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་ཁག་གི་འགན་འཛིན་གྲངས་ ༧ བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས། སྨན་པ་བློ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ས་གནས་འགོ་འཛིན་རྣམས་ནི། རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མིའི་འདུ་སྡོད་ཁག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ངོ་གདོང་དང་སྐུ་ཚབ་མཚོན་གྱི་ཡོད་པ་མ་ཟད།  དབུས་ས་གཉིས་ཀྱི་འབྲེལ་མཐུད་སོགས་སྤྱི་པའི་ལས་དོན་སླད་ཞབས་འདེགས་ཞུ་བཞིན་པར་བསྔགས་བརྗོད་དང་སྦྲགས་ལས་འགན་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་སྐོར་དང་།

སྐོར་བསྐྱོད་འཕྲོད་བསྟེན་སློབ་གསོ་ལས་གཞིའི་བརྒྱུད་དུད་ཚང་སོ་སོའི་ནང་གི་ནང་མིའི་གྲངས་ཐོ་དང་ནང་མིའི་གནས་སྟངས་རྒྱུས་ལོན་བྱེད་ཕྱོགས། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་སྔོན་འགོག་སོགས་ཀྱི་ལས་གཞི་མང་དག་ཅིག་སྤེལ་བཞིན་ཡོད་པའི་ཁོངས་ནས་སྐོར་བསྐྱོད་འཕྲོད་བསྟེན་སློབ་གསོ་ནི་ལས་གཞི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་འཕྲོད་བསྟེན་ཟུང་དྲུང་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད་པ་བཅས། །

Share with your friends










Submit