ཟླ་བ་ ༡༠ ཚེས ༡༠ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ རེས་གཟའ་ཕུར་བུ།

 

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༨ ནས་ ༡༠ བར་བཞུགས་སྒར་རྡ་ས་བོད་ཀྱི་སྨན་རྩིས་མཐོ་སློབ་ཚོགས་ཁང་དུ་རྒས་པའི་སེམས་ཁམས་གསོ་སྐྱོང་ཞེས་པའི་བརྗོད་གཞིའི་ཐོག་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པ་ཚོགས་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ཚོགས་ཆེན་སྟེང་བོད་ཀྱི་གསོ་བ་རིག་པ་དང་། རྒྱ་གར་ཚེ་ཡི་རིག་བྱེད། བོད་རྩིས་རིག་པ། ཧོ་མིའོ་པེ་ཐི། སིདྷ། ཡུ་ན་ཎི། ནུབ་ཕྱོགས་ཚན་རིག རྣལ་འབྱོར་ (ཡོ་ག) བཅས་ཀྱི་རིག་གཞུང་ཁག་དགུའི་མཁས་དབང་རེ་གདན་ཞུས་ཀྱིས་ཉིན་གྲངས་གསུམ་རིང་བགྲོ་གླེང་ལྷུག་པོར་གནང་ཡོད་པ་རེད།

དེ་རིང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ ཉིན་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པའི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆེད་ཕེབས་ཀྱིས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པའི་སྟེང་གཏམ་བཤད་གནང་མཁན་རྣམས་ཀྱིས་གཙོས་ལས་བྱེད་ཁག་གཅིག་ལ་ཕྱག་རྟགས་རེ་གནང་རྗེས་གསུང་བཤད་གནང་དོན། བོད་ཀྱི་སྨན་རྩིས་ཁང་ངོས་ནས་འགོ་འཛུགས་དུས་སྐབས་ནས་ཐ་སྙད་གཅིག་གྱུར་འདེམས་རྒྱུ་དེ་གལ་ཆེན་པོ་རེད། དཔེར་ན་ནུབ་ཕྱོགས་པའི་ཐ་སྙད་ psychology སེམས་ཁམས་རིག་པ་ཞེས་བསྒྱུར་ཡོད།

སྔོན་མ་ཡིན་ན་ psychology ཟེར་བ་དེ་བསམ་བློ་རིག་པ་ཞེས་བསྒྱུར་ཡོད། དེ་ལྟར་བསྒྱུར་དགོས་དོན་ནི་གཙོ་བོ་བསམ་བློ་དང་འབྲེལ་བ་ཡོད་པའི་ཆ་ནས་རེད། ཅེས་དང་། མི་རྣམས་རྒས་པའི་དུས་སུ་དཀའ་ངལ་དང་ཟས་བཅུད་བསྟེན་སྟངས་སྐོར་ངོ་སྤྲོད་གནང་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། ལུས་ཁམས་བདེ་ཐང་ཡོང་ཆེད་ཉིན་ལྟར་ལུས་རྩལ་སྦྱོང་བརྡར་གནང་འཇུག་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒན་འཁོགས་ཚོ་རྒས་གསོ་ཁང་ལ་སྐྱེལ་མི་དགོས་པ་གཙོ་འདོན་གནང་དགོས། ཞེས་སོགས་གསུངས་ཏེ་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བཅུ་པ་དེ་བཞིན་ལེགས་པར་གྲོལ་ཡོད་པ་བཅས། །

 

 

Share with your friends










Submit