ཟླ་བ་ ༡༠ ཚེས ༡ ༢༠༡༩
Published By སྐལ་བཟང་རྒྱ་མཚོ།

ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡ རེས་གཟའ་མིག་དམར། 

 

༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༦ ནས་ ༢༨ བར་རྒྱ་གར་གྱི་གྲོང་ཁྱེར་ཁག་གཅིག་གི་གསར་འགོད་ལས་རིགས་པའི་སྐུ་ཚབ་གྲངས་ ༦ བཞུགས་སྒར་རྡ་ས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གིས་གཙོས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་གཟིགས་སྐོར་དུ་ཕེབས་ཡོད། དེ་ཡང་གསར་འགོད་ལས་རིགས་པའི་སྐུ་ཚབ་རྣམས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ལ་ཐུག་འཕྲད་གནང་ཡོད་པ་དང་།

སྐབས་དེར་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར་དང་། ད་ལྟའི་གྲོས་ཚོགས་ཀྱི་ལས་རིམ། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། མང་གཙོའི་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་སྐོར་ངོ་སྤྲོད་སྙིང་བསྡུས་གནང་ཡོད།  དེ་བཞིན་གསར་འགོད་ལས་རིགས་པའི་སྐུ་ཚབ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་དང་ཐུག་འཕྲད་གནང་ཡོད་པ་མ་ཟད། ནང་སྲིད་ལས་ཁུངས་དང་། བཀའ་དྲུང་ཡིག་ཚང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་སོགས་ཀྱི་ནང་གཟིགས་སྐོར་དུ་ཕེབས་ཡོད།

གསར་འགོད་ལས་རིགས་པའི་སྐུ་ཚབ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་སུ་གཟིགས་སྐོར་དུ་ཕེབས་ཡོད་པ་དང་། སྐབས་དེར་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཁོང་རྣམས་ལ་བོད་དང་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་ངོ་སྤྲོད་གནང་། ཕྱོགས་མཚུངས་གསར་འགོད་ལས་རིགས་པའི་སྐུ་ཚབ་རྣམས་བོད་ཀྱི་འགྲེམས་སྟོན་ཁང་དང་། བོད་ཀྱི་དཔེ་མཛོད་ཁང་། དབུས་བོད་ཀྱི་སྨན་རྩིས་ཁང་། རྡ་ས་ས་གནས་འགོ་འཛིན་ལས་ཁུངས། རྡ་སྟེང་བོད་ཁྱིམ་སློབ་གྲྭ བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་བཅས་ཀྱི་ནང་གཟིགས་སྐོར་དུ་ཕེབས་ཡོད།

གསར་འགོད་ལས་རིགས་པའི་སྐུ་ཚབ་རྣམས་ནི། སྐུ་ཞབས་གྷོ་རབ་བྷར་ཌི་ཝཇ་ Shri Gaurav Bhardwaj ལགས་དང་།  ལྕམ་སྐུ་ཤཱ་ལོ་ཤུག་ལ་ Ms.Shaloo Shukla ལགས། ལྕམ་སྐུ་སོ་ནཱ་ལི་ཐ་ཀུར་ Ms.Sonali Thakur ལགས། ལྕམ་སྐུ་ཤ་ལུ་ཨ་གྷར་ཝལ་ Ms.Shalu Agrawal ལགས། སྐུ་ཞབས་ཤག་ཏི་སིངྒ་པར་མར་ Shri.Shakti Singh Parmar ལགས། སྐུ་ཞབས་ནིལ་མིག་ཅ་ཏུར་ཝེ་ཌི་ Shri.Neelmegh Chaturvedi  ལགས་བཅས་ཡིན།    གསར་འགོད་ལས་རིགས་པའི་སྐུ་ཚབ་རྣམ་པ་ཚོ་དང་ལྷན་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གཞོན་པ་མགོན་པོ་ལགས་དང་ལས་འཆར་འགན་འཛིན་ཆོས་ཉིད་ཚེ་རིང་ལགས་ཀྱང་ཕེབས་ཡོད་པ་བཅས། །

Share with your friends










Submit